རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་ ༡༢ འཛིན་བཟུང་།
ཟླ་འདིའི་ཚེས་ ༡༩ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། བོད་མདོ་ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་ ༡༢ རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་དགེ་འདུན་པ་བྱམས་པ་ཡོན་ཏན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་སླར་ཡང་རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་ཀླུ་སྒྲུབ་དང་། རྒན་བློ་བཟང་སྒྲུབ་གསལ་དང་། བློ་བཟང་མཐར་ཕྱིན་བཅས་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་བཅུ་གསུམ་རྒན་བློ་བཟང་སྒྲུབ་གསལ་དང་བློ་བཟང་མཐར་ཕྱིན་གཉིས་ཀྱི་གྲྭ་ཤག་ཏུ་འོང་ནས་གང་བྱུང་སྔོག་བཤེར་གྱིས་རྩོམ་ཡིག་མང་པོ་ཞིག་བཙན་ཁྱེར་བྱས་ཡོད་འདུག ཚེས་ ༡༩ ཉིན་གྱི་ཞོགས་པར་དབོན་པོ་དགོན་པའི་དྲུང་ཡིག་གྲྭ་བསོད་བཟང་། རྒན་བསོད་ཉི། ཐག་མཆོག་དང་དབང་རྒྱལ་བཅས་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཉིན་རྒྱབ་བོད་ནང་གི་ཆུ་ཚོད་དང་པོ་དང་སྐར་མ་བཅུ་བདུན་ཙམ་ལ་གཞུང་གིས་དགོན་པའི་དགེ་འདུན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་དབོན་པོ་དགོན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་མཁན་དང་བོད་རང་དབང་ཅེས་པའི་ཡི་གེ་གཏོར་མཁན་སུ་ཡིན་རྩད་གཅོད་བྱེད་ཆེད་ཡིག་གཟུགས་བརྟག་དཔྱད་བྱེད་ཀྱི་ཡིན་ཟེར་ནས། དགེ་འདུན་པ་རེ་རེ་བཞིན་རྩིག་པར་བོད་ཡིག་འབྲི་བཅུག་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག གཞན་ཡང་ཚེས་ ༡༥ ཉིན་འཛིན་བཟུང་བྱས་པའི་མི་སྣ་དེ་དག་ཀྱང་དགོན་པའི་སློབ་གྲྭའི་གྲྭ་པ་ལྔ་ཡིན་འདུག་ནའང་། ཁོང་ཚོའི་མིང་ཅི་ཡིན་ད་དུང་ཁ་གསལ་བྱུང་མི་འདུག གོང་འཁོད་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁྱོན་ ༡༢ བྱུང་ཡོད་པ་དེ་དག་ད་ལྟ་རྫ་སྟོད་ཆུས་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག་ལ། ཁོང་ཚོར་གྱོན་པ་དང་ཟ་མ་སོགས་མཁོ་སྤྲོད་དང་ཐུག་འཕྲད་བྱེད་འཇུག་གི་མེད་པར་བརྟེན། ཁོང་ཚོའི་ད་ལྟའི་གནས་སྟངས་ཇི་བཞིན་ཤེས་ཀྱི་མེད་པ་རེད་འདུག
གཞན་ཡང་ཟླ་འདིའི་ཚེས་ ༡༦ ཉིན་དབོན་པོ་སྡེ་པའི་ཁྱིམ་ཚང་ཚང་མའི་བཟའ་དཔོན་ཚང་མ་དབོན་པོ་ཡུལ་ཚོ་རུ་བསྡུ་བསྐོང་བྱས་པའི་ཚོགས་འདུའི་སྐབས། གཙོ་བོ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་འདྲ་བའི་གཏམ་བཤད་སྤེལ་ཡོད་པ་དང་། ལྷག་པར་མི་མང་གིས་ཕྱོགས་ཡོངས་ནས་ལྷིང་འཇགས་བྱེད་དགོས་པ་དང་། འདི་ལོའི་ཟླ་ ༩ པའི་ཚེས་ ༧ ཉིན་གྱི་དོན་རྐྱེན་ཉེས་ཅན་པ་འཛིན་བཟུང་བྱེད་རྒྱུ་ཡིན་པ་དང་། རྗེས་སོར་གནས་ཚུལ་དེ་ལྟ་བུ་ལྷག་མི་རུང་བས་ཁྱིམ་ཚང་སོ་སོས་འགན་ཁུར་དགོས་པ། ད་དུང་དབོན་པོ་སྡེ་པས་འབྲོག་སའི་ལྕགས་རྭ་ཕྱིར་བསྡུ་བྱེད་བཞིན་ཡོད་པ་དེ་ཕྱིར་བསྡུ་བྱེད་མི་ཆོག་པའི་སྐོར་ཀྱི་སློབ་གསོ་བཏང་ཡོད་འདུག
མདོ་ཁམས་རྫ་ཆུ་ཁ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ནི་ཕྱི་ལོ་ ༡༧༠༨ ལོར་གོ་རྒྱལ་དགེ་ཚུལ་ཁྲིམས་ཞེས་པས་ཕྱག་བཏབ། རིམ་པས་དགོན་པ་དེར་རྒྱུད་གྲྭ་སྟོད་སྨད་ཀྱི་ཕྱག་བཞེས་ལྟར་གནས་ཡོད་པ་དང་། སྔ་དུས་ནས་གདན་ས་སེར་འབྲས་ལ་གྲྭ་རྒྱུན་དུ་འགྲོ་བའི་ལུགས་སྲོལ་ཆེན་པོ་ཡོད་འདུག་ལ། ད་དུང་དགོན་པ་ཕྱག་བཏབ་པ་ནས་སྤྱོད་འཇུག་བློ་འགྱུར་བར་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བཅོ་བརྒྱད་བྱོན་མྱོང་ཡོད་པ་རེད། ཕྱི་ལོ་ ༡༩༩༩ ལོའི་བོད་ཟླ་ ༨ པའི་ཚེས་ ༥ དགོན་པ་འདི་ནས་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་གནང་བ་དང་། ༢༠༠༥ ལོའི་བོད་ཟླ་ ༤ ཚེས་ ༨ ཉིན་དགོན་པ་འདིའི་ཁྱབ་ཁོངས་སུ་གྲྭ་བཙུན་གཞོན་སྐྱེས་རྣམས་ལ་རྨང་གཞིའི་རིག་གནས་སློབ་གླིང་ཞིག་གསར་འཛུགས་གནང་དང་། ད་ལྟ་སློབ་གྲྭ་དེའི་ནང་སྐད་ཡིག་དང་རྩིས་རིག རྒྱ་ཡིག་དང་བསྡུས་གྲྭ སུམ་རྟགས་དག་གསུམ་དང་། སྙན་ངག ལོ་རྒྱུས། རིག་རྩལ་འགྲན་སྡུར་སོགས་སློབ་གསོའི་རྣམ་པ་རྒྱ་ཆེར་སྤེལ་བཞིན་ཡོད་པ་རེད་འདུག །
མེ་སོར་གསར་འགོད་པས།
http://www.tibetexpress.net/bo/home/2010-02-04-05-37-19/9424-2012-10-17-04-20-48