སླར་ཡང་རྫ་ཆུ་ཁའི་དགེ་འདུན་པ་དྲུག་བཟུང་འདུག
ཟླ་འདིའི་ཚེས་ ༢༠ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། སླར་ཡང་དབོན་པོ་དགོན་པའི་དགེ་འདུན་པ་དྲུག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་དགེ་འདུན་པ་བྱམས་པ་ཡོན་ཏན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༢༠ ཉིན་སླར་ཡང་རྒྱ་ནག་གཞུང་གིས་རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་ཐབས་མཁས་དང་། མཐའ་བྲལ། ཤེས་རབ། ཟླ་བ། མགོན་པོ། སྐྱ་པེ་བཅས་དྲུག་བཟུང་ནས་དབོན་པོ་ཡུལ་ཚོ་རུ་བཙན་ཁྲིད་བྱས་ཡོད་འདུག་པ་དང་། གཞན་ཡང་ཉིན་མོ་དེར་ཕྱི་ཚེས་ ༡༨ ཉིན་འཛིན་བཟུང་བྱས་པའི་རྒན་བློ་བཟང་སྒྲུབ་གསལ་དང་། བློ་བཟང་མཐར་ཕྱིན། གཞན་ཡང་ནམ་བཟུང་གསལ་ཁ་མ་བྱུང་བའི་རྒྱལ་མཚན་བཅས་མི་གསུམ་གསེར་ཤུལ་རྫོགས་ཐོག་ཏུ་བཙན་ཁྲིད་བྱས་ཡོད་འདུག ཟླ་འདིའི་ཚེས་ ༡༥ ཉིན་ནས་ད་ལྟའི་བར་དུ་དབོན་པོ་དགོན་པའི་དགེ་རྒན་དང་། ལས་བྱེད། སློབ་ཕྲུག་སོགས་ཁྱོན་དགེ་འདུན་པ་མི་གྲངས་ ༡༨ འཛིན་བཟུང་བྱས་ཡོད་པའི་ནང་སློབ་གྲྭའི་དགེ་རྒན་མང་པོ་ཞིག་ཡོད་པར་བརྟེན། དགོན་པའི་སློབ་གྲྭ་ཡང་གནས་སྐབས་འཚོགས་མཚམ་འཇོག་དགོས་པའི་གནས་ཚུལ་བྱུང་ཡོད་པ་དང་། འཛིན་བཟུང་བྱས་ཟིན་པའི་དགེ་འདུན་པ་དེ་དག་གི་གནས་སྟངས་གསལ་པོ་ཤེས་ཐུན་གྱི་མེད་པ་རེད།
གཞན་ཡང་རྒྱ་གཞུང་གི་ཉེན་རྟོག་པས་དགེ་འདུན་པ་ཛིན་བཟུང་བྱེད་པ་དང་། གྲྭ་ཤག་སྔོག་བཤེར་སྐབས་དགོན་པའི་གྲྭ་ཤག་ཅིག་ནས་རྒྱ་སྒོར་ཁྲི་དྲུག་རྐུན་མར་ཤོར་ཡོད་པའི་གནས་ཚུལ་བྱུང་འདུག་ནའང་། ད་ལྟ་གནད་དོན་དེ་རྩད་གཅོད་དང་ཡར་ཞུ། ཁྲིམས་གཏུག་སོགས་ག་རེ་བྱེད་ཀྱི་ཡོད་མེད་སྐོར་གནས་ཚུལ་ཁ་གསལ་པོ་རག་གི་མེད་པ་དང་། ས་གནས་སུ་རྣམ་རྒྱུན་བཞིན་ཕན་ཚུལ་འབྲེལ་འདྲིས་དང་སྐད་ཆ་བཤད་པ། ཁ་པར་གཏོང་བ་སོགས་ཀྱི་གནས་སྟངས་དམ་དྲག་ཅན་དུ་གྱུར་ཡོད་པར་བརྟེན། ས་གནས་ཀྱི་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་བྱེད་རྒྱུར་ཁག་པོ་ཆག་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་གྲྭ་བྱམས་པ་ཡོན་ཏན་གྱིས་ས་གནས་སུ་འབྲེལ་མཐུད་རྒྱུས་ལོན་བྱས་པའི་མཐོང་ཚུལ་དང་འབྲེལ་བའི་བསམ་ཚུལ་བརྗོད་པ་ལྟར་ན་ད་ལྟ་དབོན་པོ་དགོན་པར་རྒྱ་ནག་ཉེན་རྟོག་པ་དང་ཉེན་རྟོག་དམག་མི་སླེབས་ནས་གང་བྱུང་འཛིན་བཟུང་དམ་དྲག་བྱེད་བཞིན་པ་འདི་ནི་ཉེ་ཆར་བོད་ཀྱི་རྒྱལ་དར་བསྒྲེངས་བ་དང་བོད་རང་དབང་གི་ཡི་གེ་གཏོར་བའི་དོན་རྐྱེན་རྩད་གཅོད་བྱེད་རྒྱུའི་ཆེད་དུ་དམིགས་པ་གཅིག་པུ་མ་ཡིན་པར། གཙོ་བོ་དགེ་འདུན་པའི་སྤྱི་ཚོགས་གཏོར་ནས་མེད་པ་བཟོ་རྒྱུའི་ངན་ཇུས་ཤིག་མིན་ནམ་སྙམ་གྱི་འདུག་ཅེས་བརྗོད་སོང་།
མེ་སོར་གསར་འགོད་པས།