མི་རྙེད་པ་ཞིག་རྙེད་པ་ལྟ་བུའི་ཁྱེད།

མི་རྙེད་པ་ཞིག་རྙེད་པ་ལྟ་བུའི་ཁྱེད།

-༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་དྲན་རྟེན་དུ-

སྲང་ལམ་ནས་ཚོང་པ་འགའ་དང་ཐུག་དུས

ཅ་དངོས་ཀྱི་རིན་ཐང་གིས་མི་ལ་བརྙས་བཅོས་བྱེད་སོང

ཚོང་པ་ཚོས་འཇིག་རྟེན་གྱི་ཡུལ་གྲུ་འདི་ལའང་གོང་ཚད་འཇལ་ནས

ཧམ་སེམས་ཀྱི་སྙིང་དམར་ཟེད་ཟེད་གདུ་བྱུང

ད་དུང    དཔུང་པ་གྱེར་དུ་བཏེགས་ཏེ་རང་ཉིད་ལའང་རིན་གོང་འཇལ

ཡིན་ནའང   ཁྱེད་ནི་ཚོང་རྫས་ཤིག་ཡིན་པའི་དབང་དུ་བཏང་ན

པ་སྤུ་རེ་རེའི་རིན་ཐང་ལའང་ཚད་གཏན་ནས་རྙེད་མ་སོང

མཐའ་འཁོབ་ནས་མི་ཡོད་ཚད་ཁྱེད་ལ་གཏན་དུ་མཚར་བྱུང

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཆེན་འགྲམ་ན

ཚེ་སྲོག་གི་སྙིང་པོ་འཚོལ་བའི་སྐྱེ་འགྲོ་དུ་མས

འདྲ་མཉམ་དང་ཐོབ་ཐང་གི་ངུ་འབོད་གཟན་པོ་ཞིག་སྒྲོགས་སོང

འཇིག་རྟེན་རིལ་པོ་ཚོང་གི་ཁྲོམ་ཆེན་གྱུར་འགྲོ་དུས

ངུ་རྒྱངས་དེའི་རྒྱབ་ཡོལ་དུ་མིག་ཆུ་ལས་ཅི་ཡང་མི་འདུག་བསམ

ཡིན་ནའང    ཁྱེད་ཀྱི་བདེ་ཟུག་འབྱིན་པའི་ཞི་བདེའི་འཛུམ་མདངས་རེ་རེས

ཚེ་སྲོག་གི་སྙིང་པོ་འཚོལ་བའི་མི་ལ་འོད་སྣང་འདྲོང་བྱུང

ཞི་བདེ་ལ་མོས་པའི་མིག་ཟུང་དུ་མའི་མཐའ་ཀོང་ན

དགའ་མགུ་ཡི་མིག་ཆུ་དཀར་པོ་འཛད་མེད་ཟགས་སོང

གཞོབ་དྲི་འཐུལ་བའི་རྐང་ལམ་ན

སོང་ཡང་སླེབས་པར་བྲལ་བའི་སྒྱུ་འཕྲུལ་གྱི་སྟོང་ཁམས་མྱུག་དུས

ཡོད་ཚད་འཇའ་རིས་བཞིན་དུ་ཁ་མདོག་རྐྱང་རྐྱང་ལ་འཁྲུལ་སོང

རྨི་ལམ་རེ་རེའི་ནམ་མཁའ་ལ་བསྙེགས་ནས

རང་ཉིད་རང་ཉིད་ཡིན་པའི་བདེན་དཔང་ནའང

ཁྱེད་ནི    མེད་མི་ཆོག་ལ་ཡོད་དགོས་ངེས་ཀྱི་བསམ་བློའི་སྟེང་གི་བདེན་པ་གཅིག་པོ་དེའོ

ད་དུང    འོག་མིན་གྱི་དག་ཞིང་ནའང

ཁྱེད་ནི    འགྲོ་བའི་བདེ་སྡུག་ལ་སྤྱན་རས་གཡོ་བའི་གཉེན་ཉེ་གཅིག་པོ་དེའོ

མཐའ་དེད་ཚེ་ཐ་སྙད་ཀྱིས་མཚོན་ནུས་པའི་སྟོང་གསུམ་ན

བདེན་རྫུན་གྱིས་འདམ་ཀ་འབྱེད་པའི་སྙིང་པོ་དཀྲུགས་དུས

གནམ་གྱི་སྲས་པོ་སྨྲས་པའི་རྗེ་བོ་དེ་ཡང

རྫུན་པའི་སྒོ་ཐེབས་ན་གཡོ་སྒྱུ་ཡིས་ནུར་བྱུང

གནམ་ལྕགས་ཀྱིས་གཞོམ་མི་ནུས་པའི་ཁྱེད་ཀྱི་རེ་གཞག

ཡང་ན   རི་བོ་ལས་བརླིང་བའི་ཁྱེད་ཀྱི་ཞི་བདེ

ཁྱེད་ཀྱི་ཡོད་ཚད་ནས་ཡོད་ཚད་བདེན་པའི་ནམ་མཁའ་ན་སྤུད་དུས

ཁྱེད་ལ་འཚམ་པའི་སྙན་ངག་གི་མཆོད་པ་ཞིག་གཏན་ནས་མ་རྙེད

བདག་གི་ཚོར་བ་ན   ཁྱེད་ནི   མ་རྙེད་པ་ཞིག་རྙེད་པ་དེའོ