དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༥༢ འཁོར་བ།

tcv1_2012_10_23དེ་རིང་ཞོགས་པར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༥༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྟེང་།  གཞོན་ནུའི་དུས་ཀྱི་དུས་ཚོད་དེ་དམ་འཛིན་གྱིས་སློབ་སྦྱོང་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་པས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༥༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་འཚོགས་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་དང་། བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་དབུས་བཀའ་བློན་རྣམ་པ། གཞན་ཡང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་གཙོས་སྤྱི་འཐུས་ཁག་ཅིག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གི་སྐུ་ཚབ་རྣམ་པ་དང་། དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་བྱས་འདུག

tcv2_2012_10_23དེ་ཡང་མཛད་སྒོའི་ཐོག་གཙོ་སྐྱོང་བ་གཉིས་ཀྱིས་ངོ་སྤྲོད་དང་སྦྲགས་བོད་ཕྲུག་ཁྱིམ་སྡེ་ཁག་གི་རྩེད་འགྲན་པ་རྣམས་རུ་སྒྲིག་གི་ལམ་ནས་རྩེད་ཐང་དུ་འཛོམས་ཏེ། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད། རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གྲུབ་མཚམས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་རིམ་པས་བཏང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།

དེ་ནས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྒན་ཚེ་དབང་ཡེ་ཤེས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་གནང་སྐབས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་དུ་བཙུགས་པའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་གསུང་དོན། “ལོ་འདིའི་ནང་བོད་ཁྱིམ་སློབ་གྲྭ་ཁག་༨ ནས་འཛིན་རིམ་༡༠ པའི་རྒྱལ་ཡོངས་ཡིག་ཚད་གཏོང་མཁན་སློབ་མ་༩༢༣ ནས། ཡིག་ཚད་འཕྲོད་མཁན་༨༩༨ དང་། ཡིག་ཚད་བསྐྱར་དུ་གཏོང་དགོས་མཁན་༢༡། མ་འཕྲོད་པ་༡ དང་། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༧.༢༩ ། དེ་བཞིན་བོད་ཁྱིམ་སློབ་ཁག་༤ ནས་འཛིན་རིམ་༡༢ པའི་ཡིག་ཚད་གཏོང་མཁན་༥༧༨ ནས། ཡིག་ཚད་འཕྲོད་པ་༥༤༤ དང་། བསྐྱར་དུ་ཡིག་ཚད་གཏོང་དགོས་༢༣ ། ཡིག་ཚད་མ་འཕྲོད་མཁན་༡༡དང་། ཡིག་ཚད་སྤྱི་ཡོངས་ཀྱི་བརྒྱ་ཆ་༩༤.༡༡། བྱུང་ཡོད་”ཅེས་དང་།

ཁོང་གིས་མུ་མཐུད་དུ་ལོ་འདིའི་ནང་དམིགས་བསལ་གྱི་ལས་རིམ་བོད་ཕྲུག་ཁྱིམ་སྡེ་ཁག་ལྔ་དང་། ཏཱ་ལི་བླ་མའི་སློབ་གཉེར་ཁང་དུ་རྒྱ་ཡིག་སྦྱོང་ས་ཆེད་འཛུགས་གནང་ཡོད་སྐོར་དང་། ལོ་གཅིག་རིང་གི་ཡོང་སྒོ་དང་འགྲོ་སོང་བཅས་ངོ་སྤྲོད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་བཀའ་ཤག་གི་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༥༩ ལོ་རྒྱ་གཞུང་གིས་བོད་མི་རིགས་དེ་གཞིས་བྱེས་གཉིས་སུ་ཁ་འཐོར་ལ་བཏང་སྟེ་བཙན་བྱོལ་དུ་ཡོང་དགོས་བྱུང་རྗེས། ༧གོང་ས་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨའི་བཀའ་དྲིན་འོག ཐོག་མའི་ཆར་ཕྱི་ནང་གི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ། ད་ལྟའི་ཆར་བོད་ཁྱིམ་སྡེ་ཁག་ཧ་ཅང་ཚགས་ཚུད་པོ་བྱུང་ཡོད་སྐོར་དང་། མ་འོངས་པ་ཡིན་ན་ཡང་ཚང་མ་ཡིད་ཚིམས་ནས་མི་འདུག་པར་མུ་མཐུད་དུ་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་རྒྱག་དགོས་སྐོར། ང་ཚོའི་སྤྱི་ཚོགས་ནང་མཁས་དབང་བློ་བཟང་སེང་གེ་ནང་བཞིན་མང་པོ་གསོ་སྐྱོང་བྱེད་དགོས་སྐོར་དང་། བོད་མི་གཞོན་སྐྱེས་ཚོས་བོད་མི་རིགས་ཀྱི་རྩ་དོན་ཆེད་འགན་ཁུར་ཡོང་དུས་རྒྱ་གཞུང་ལ་བརྡ་ལན་གསར་པ་ཞིག་སྤྲད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་སྐབས། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་༧གོང་ས་མཆོག་གིས་དབུས་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ དང་། ༧གོང་ས་མཆོག་གིས་མ་འོངས་བོད་ཀྱི་སོན་རྩ་གསོ་སྐྱོང་གི་ཆེད་ཕྱི་ལོ་༡༩༦༠ ལོར་བོད་ཕྲུག་ཁྱིམ་སྡེ་བཙུགས་པ་ཞིག་ཡིན་སྐོར་དང་། དེ་བཞིན་ཐོག་མར་བཙུགས་པ་ནས་བཟུང་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དང་། གཅུང་མོ་རྗེ་བཙུན་པདྨ་བཅས་ཀྱི་བཀའ་དྲིན་འོག་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གྱིས་བོད་ཁྱིམ་སློབ་གྲྭ་འདི་འདྲ་ཞིག་བྱུང་བ་རེད། ད་ལྟའི་ཆར་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ཀྱི་གཙོས་དགེ་རྒན་དང་། ལས་བྱེད་རྣམ་པ་ཚང་མས་མཉམ་རུབ་ཀྱིས་སྔར་གང་ཡོད་པ་དེའི་ཐོག་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་དང་། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་བ་དེ་དག་ནམ་ཡང་བརྗེད་མི་རུང་བར་གཞོན་སྐྱེས་ཚོས། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཐོག་འགན་ཁུར་དགོས་སྐོར། ༧གོང་ས་མཆོག་གི་དགོངས་དོན་ལྟར་སློབ་མ་ཚོའི་ངོས་ནས་བོད་མི་རང་གི་སྲོལ་རྒྱུན་གྱི་ཤེས་ཡོན་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་མཉམ་སྦྲེལ་གྱིས་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

མཐར་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་པས་ལམ་སྟོན་གསུང་བཤད་གནང་དོན། “མི་ལོ་༥༠ རིང་བོད་ཕྲུག་ཁྱིམ་སྡེ་ནས་བཙན་བྱོལ་དུ་ཡོད་པའི་བོད་རིགས་བྱིས་པ་དང་ན་གཞོན་ཚོར་བདེ་ཐང་ལྡན་པའི་འཚོ་བའི་ཁོར་ཡུག་དང་། སློབ་གསོ་བཟང་པོ་ཞིག་མཁོ་སྤྲོད་གནང་ཐུབ་པ་བྱུང་པ་རེད། དེ་ཡང་གཙོ་བོ་འཛམ་གླིང་གང་སར་ཡོད་པའི་མི་མང་ཚོས་རོགས་རམ་དང་། དེ་བཞིན་བོད་རིགས་མི་མང་གིས་ཕྱར་བ་གྲུ་འདེགས་བྱས་པ་ལ་བརྟེན་ནས་བྱུང་པ་དང་། ལྷག་པར་བོད་ཕྲུག་ཁྱིམ་སྡེ་དབུས་དང་ལན་ལག་ཁག་གི་སྲི་ཞིའི་ལས་བྱེད་དང་། དགེ་རྒན་རྣམ་པ་ཚོས་ཐུགས་ཁུར་གཟབ་བཞེས་གནང་པ་ལ་བརྟེན་ནས་བྱུང་བ་ཡིན་པར་བརྟེན། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་ཤེས་གསལ་ལྟར་རེད། འཛམ་གླིང་འདི་དང་འདིའི་ནང་གི་སྤྱི་ཚོགས། རིག་གཞུང་བཅས་ཀྱང་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་གི་ཡོད་རེད། ལྷག་པར་དུ་ཚན་རིག་གི་ལག་རྩལ་དེ་ཡར་རྒྱས་ཆེན་པོ་འགྲོ་གི་ཡོད་རེད། དེར་བརྟེན། ང་ཚོ་བོད་མི་ཚོས་ཕྱོགས་གཅིག་ནས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སོ་སོའི་རིག་གཞུང་དེ་ག་འདྲ་བྱེད་ནས་ཉར་ཚགས་བྱེད་ཀྱི་ཡིན་ཟེར་བ་དེ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་”ཅེས་དང་།

ཡང་ཁོང་གིས་མཐུད་དུ་གསུངས་དོན། “ལྷག་པར་དུ་རྒྱ་གར་དུ་སྐྱེས་པའི་བོད་མི་ཞིག་གི་ངོས་ནས་བཤད་ན། མིའི་ལུང་པར་སོ་སོའི་འཚོ་བ་སྐྱེལ་ཐུབ་དགོས་པ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་རེད། ད་ལྟའི་ཆར་སོ་སོ་རང་གི་རྐང་པའི་ཐོག་ལངས་ནས་རང་ཁ་རང་གསོ་བྱེད་མི་ཐུབ་པའི་དཀའ་ངལ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་རེད། གང་ལྟར་ཡང་ངས་དེ་རིང་གི་དུས་ཚོད་འདི་བརྒྱུད་ནས་བོད་རིགས་ཀྱི་ན་གཞོན་སློབ་མ་ཚང་མར། གཞོན་ནུའི་དུས་ཀྱི་གསེར་ལྟ་བུའི་དུས་ཚོད་དེ་དམ་འཛིན་བྱེད་དེ་སློབ་སྦྱོང་ལ་དོ་སྣང་བྱེད་རྒྱུ་དང་། སོ་སོ་སྒེར་གྱི་མི་ཚེ་དང་བོད་ཀྱི་མ་འོངས་པའི་ཆེད་དུ་གཞི་རྩ་བཟང་པོ་ཞིག་བཏིང་ཐུབ་པའི་རེ་བ་དང་བསྐུལ་མ་ཞུ་རྒྱུ་ཡིན། བོད་ཕྲུག་ཁྱིམ་སྡེ་ཁག་ལ་ཡོད་པའི་སློབ་ཕྲུག་མང་པོ་ཞིག་གིས་སོ་སོའི་རིག་གཞུང་ལ་རང་དབང་གི་ཐོག་ནས་སྦྱང་འདོད་ཀྱིས། ལ་བརྒྱབ་ཆུ་བརྒལ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ཡོད་རེད། དེར་བརྟེན། ཚང་མས་ཐོག་མའི་ཕུགས་བསམ་ལྟར་སོ་སོའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱས་ནས། མ་འོངས་པར་རྒྱ་གར་གཙོས་པའི་ས་ཆ་གང་དུ་སོང་བ་ཡིན་ན་ཡང་སོ་སོ་བོད་མི་མཚན་ཉིད་དང་ལྡན་པ་ཞིག་དང་། བོད་སྤྱི་པའི་དོན་ཞབས་ཕྱི་བསྒྲུབ་ཐུབ་མཁན་གྱི་མི་ཞིག་ཆགས་རྒྱུའི་རེ་བ་དང་སྙིང་སྟོབས་བཅིང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་བཞིན་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ལ་མཐོང་ཆེ་ཆུང་གཅིག་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

ང་རང་ཚོ་བོད་མི་ཞིག་ཡིན་པའི་ངོས་ནས་བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ལ་དོ་སྣང་དང་དགའ་ཞེན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཤིང་ཞིག་ལ་མཚོན་ན་རྩ་བ་དང་གཅིག་པ་རེད། དེ་ནས་དེང་དུས་ཀྱི་ཚན་རིག་དང་ཁྱད་ལས་ཤེས་བྱའི་སྒང་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དེ་ཤིང་ཞིག་གི་ཡལ་ག་རྒྱས་པ་དང་གཅིག་པ་རེད། དེར་བརྟེན། རྩ་བ་དེ་བརྟན་པོ་ཞིག་མེད་ན་ཡལ་ག་ག་ཚོད་རྒྱས་ན་ཡང་དོན་ལ་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད། བོད་ནང་གི་བོད་མི་ཡིན་ན་ཡང་གནས་སྟངས་ཛ་དྲག་པོ་ཞིག་གི་ཐོག་འཚོ་གནས་བྱེད་ཐུབ་པ་དང་། དེ་བཞིན་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོ་ཡིན་ན་ཡང་མི་ཡུལ་ལ་བློ་བདེ་བག་ཕེབས་ཀྱི་ངང་གནས་ཐུབ་པ་དེ། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་པ་རེད། དེར་བརྟེན། ང་ཚོ་བོད་མི་ཚོས་ཚེ་རབ་ནས་ཚེ་རབ་ཏུ་༧གོང་ས་མཆོག་གི་བཀའ་དྲིན་བརྗེད་མི་ཉན་པ་རེད་”ཅེས་གསུངས་སོང་།

དངོས་གཞིའི་མཛད་སྒོ་གྲུབ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་ནང་ཞབས་ལོ་༢༠ འཁོར་བའི་ལས་བྱེད་ཁག་ཅིག་ལ་གཟེངས་བསྟོད་ལེགས་སྐྱེས་དང་། དེ་བཞིན་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་༡༠ པ་དང་༡༢ ཀྱི་རྒྱལ་ཡོངས་ཡིག་ཚད་ཀྱི་གྲུབ་འབྲས་ཡང་རྩེར་སོན་པ་རྣམས་ལ་ཡང་ལེགས་སྐྱེས་གནང་སོང་།

tcv_2012_10_23དེ་རྗེས་སློབ་མ་ཚོ་རུ་བསྒྲིགས་ཏེ་རྩེད་ཐང་དུ་བོད་ཀྱི་ས་ཁྲའི་དབྱིབས་བཟོས་ཏེ། རྒྱ་ནག་གིས་བཙན་འཛུལ་མ་བྱས་སྔོན་གྱི་བོད་ཀྱི་གནས་སྟངས་ག་འདྲ་ཡིན་མིན་སྐོར་དང་། དེ་རྗེས་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བོད་མིར་མནར་གཅོད་བཏང་བ། བོད་ཀྱི་ཁོར་ཡུག་འཕྲོ་བརླག་བཏང་བ་བཅས་ལ་བརྟེན་ནས། བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྟངས་སྐོར་དང་། བོད་མི་ཚོས་རང་ལུས་མེར་སྲེག་གི་ངོ་རྒོལ་སྐོར་སོགས་འཁྲབ་སྟོན་བྱས་ཡོད་པ་རེད།

ལོ་ལྟར་བོད་ཁྱིམ་སློབ་གྲྭའི་མཛད་སྒོར་མི་མང་ཧ་ཅང་མང་པོ་འཛོམས་ཀྱི་ཡོད་པ་དང་། ༧གོང་ས་མཆོག་དྷ་སར་བཞུགས་ཡོད་སྐབས་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་གི་ཡོད་པ་རེད། མཛད་སྒོ་གྲུབ་རྗེས་ཉིན་དེར་བོད་མི་ཚོའི་སློབ་གྲྭའི་ཉེ་འཁྲིས་ཀྱི་མཚོ་འགྲམ་དུ་སྤྲོ་སྐྱིད་བཏང་སྟེ་སྡོད་ཀྱི་ཡོད་ནའང་། ༢༠༠༨ ལོ་ནས་བོད་ནང་ཧ་ཅང་ཛ་དྲག་ཆགས་རྗེས། སྤྲོ་སྐྱིད་གྲ་རྒྱས་པོ་གཏོང་མཁན་ཉུང་དུ་སོང་ཡོད་པ་རེད། །