བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཁང་ཞིག་གསར་འཛུགས།

chumee_yongdon_2012_10_28ཟླ་འདིའི་ཚེས་༢༨ ཉིན་གྱི་སྔ་དྲོ་དྷ་སར་”བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཁང་”ཞིག་སྒོ་འབྱེད་གནང་སོང་ལ། ཚོགས་པ་དེ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་གིས་གསར་འཛུགས་གནང་བ་ཞིག་རེད།

ལས་ཁང་སྒོ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་རྨོག་རུ་བསྟན་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

ཚོགས་པ་དེའི་དམིགས་ཡུལ་ནི་བོད་པའི་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ། གཞི་རིམ་གྱི་མི་མང་གི་དཔལ་འབྱོར་དང་། འཚོ་བ། སྨན་བཅོས། འཕྲོད་བསྟེན། སློབ་སྦྱོང་སོགས་ཀྱི་ཐད་དམིགས་བསལ་གྱི་དཀའ་ངལ་ཡོད་རིགས་ལ་རོགས་རམ་འཚོལ་ཐབས་བྱེད་རྒྱུ་སོགས་ཡིན་པ་རེད།

འདི་གའི་གསར་འགོད་པས་ཚོགས་པ་དེ་གསར་འཛུགས་གནང་མཁན་འཆི་མེད་གཡུང་དྲུང་ལ། ཚོགས་པ་དེར་དམིགས་ཡུལ་མང་པོ་ཞིག་ཡོད་པ་དང་། དེའི་ནང་ནས་རོགས་སྐྱོར་བྱེད་རྒྱུར་མཚོན་ན་མཐུན་རྐྱེན་ག་རེ་གྲ་སྒྲིག་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྒེར་ལ་མཚོན་ན་ལོ་མང་པོར་ལས་ཀ་བྱས་པའི་མཉམ་མྱོང་ཡོད་པས། སྤྱི་ཚོགས་ཞབས་ཕྱི་ཞིག་གལ་ཆེན་པོ་ཡིན་པ་མཐོང་སོང་། ཕྱི་རྒྱལ་ཁག་ཏུ་སྤྱི་ཚོགས་ཞབས་ཕྱིའི་རྒྱབ་སྐྱོར་མང་བ་རག་རྒྱུ་དང་། ཆབ་སྲིད་ཐོག་རྒྱབ་སྐྱོར་ཉུང་བ་ཡོད་པ་རེད། དེར་བརྟེན་ལས་ཀ་བྱེད་ཐུབ་ན། རོགས་པ་བྱེད་མཁན་གྱི་དཀའ་ངལ་འཕྲད་ས་མ་རེད་བསམ་པའི་གདེང་ཚོད་ཡོད། དེའི་ཐོག་རོགས་པ་བརྒྱ་ཆ་བརྒྱ་བྱེད་མ་ཐུབ་ཀྱང་། ལྔ་བཅུ་ཞིག་བྱེད་ཐུབ་པ་དང་། མ་འོངས་པར་རྒྱ་ཆེ་རུ་སོང་ན། རོགས་སྐྱོར་ཆ་ཚང་བྱེད་ཐུབ་པར་འབད་བརྩོན་བྱེད་རྒྱུའི་འཆར་གཞི་ཡོད་”ཅེས་གསུངས་སོང་། །