བོད་ཀྱི་གློག་བརྙན་དུས་སྟོན་སྐབས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ།
ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལ་ཆེ་བསྟོད་ཆེད་༢༠༡༢ ལོའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ཟླ་འདིའི་ཚེས་༢༧ ནས་ཉིན་གཉིས་རིང་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་ཏེ། གློག་བརྙན་ཐུང་གྲས་བརྒྱད་ཀྱི་ནང་ནས་ཡག་ཤོས་གསུམ་ལ་བྱ་དགའ་སྤྲད་ཡོད་པ་རེད།
དེ་ཡང་གློག་བརྙན་དུས་སྟོན་དེ་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་བྱས་ཏེ། ད་ལོ་ཐེངས་བཞི་པ་དེ་ཡིན་པ་རེད།
ཁོང་ཚོས་གོ་སྒྲིག་བྱས་པའི་གློག་བརྙན་སྐར་མ་ལྔ་ལས་མི་རིང་པའི་གློག་བརྙན་ཐུང་གྲས་འགྲན་སྡུར་ནང་ཞུགས་མཁན་བརྒྱད་བྱུང་བ་དང་། དེའི་ནང་ནས་ཚེ་རིང་བཀྲ་ཤིས་རྒྱལ་ཐང་པས་གློག་བརྙན་རུས་སྦལ་གྱི་ཁུ་བ་(Turtle soup)ལ་ཨང་དང་པོའི་བྱ་དགའ་དང་། བསྟན་འཛིན་ཕུལ་བྱུང་གི་གློག་བརྙན་ཁྱེད་ཚོ་ང་གོ་ཡི་འདུག་གམ། (Can any one hear me) དང་། དགེ་ལེགས་དཔལ་སེང་གི་གློག་བརྙན་བཟོ་བཅོས་བརྒྱབ་པའི་ཤེལ་སྒོ་(Repaired glasses) གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད་པ་རེད།
ཨང་དང་པོ་ཐོབ་པའི་གློག་བརྙན་རུས་སྦལ་གྱི་ཁུ་བ་ཞེས་པ་ནི་ཝེ་ཏི་ནམ་གྱི་ནང་དུ་རུས་སྦལ་གསོད་མཁན་ཞིག་ལ་ཕྲུ་གུ་ཆུང་ཆུང་གཉིས་ཀྱིས་རུས་སྦལ་རྐུན་མ་བརྒྱབ་སྟེ་སྲོག་བསྐྱབ་པའི་སྐོར་དང་། གཉིས་པ་ཁྱེད་ཚོའི་ང་གོ་ཡི་འདུག་གམ་ཅེས་པ་དེ་བོད་ནང་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་རྗེས། བཙན་བྱོལ་བོད་མིའི་སློབ་མ་ཞིག་གིས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བསམ་གཞིག་བྱས་པའི་སྐོར། གཉིས་པ་བཟོ་བཅོས་བརྒྱབ་པའི་ཤེལ་སྒོ་བོད་མི་རྨོ་རྨོ་ཞིག་གི་བུ་རྒྱུད་ཚོ་ཕྱི་རྒྱལ་དུ་སོང་ཤུལ་ནས། གཅིག་པུར་ཉོབ་སྣང་སྐྱེས་པ་དང་། བདག་པོ་མེད་པས། འབྲེལ་ཡོད་ཁག་ཅིག་གིས་རྒན་གསོ་ཁང་དུ་བསྐྱར་རྗེས། རྒན་ཁོག་ཅིག་དང་བསྐྱར་དུ་གཉེན་སྒྲིག་བྱས་པའི་སྐོར་ཡིན་པ་རེད།
ཨང་དང་པོ་བྱ་དགའ་ཨ་སྒོར་༥༠༠ དང་། ཨང་གཉིས་པར་ཨ་སྒོར་༣༠༠ ཨང་གསུམ་པར་ཨ་སྒོལ་༢༠༠ ཡོད་ནའང། འདེམས་སྒྲིག་སྐབས་ཨང་གཉིས་པ་གཉིས་ཆགས་ཡོད་པ་རེད།
ཉིན་གཉིས་ཀྱི་རིང་བློ་བཟང་བཀྲ་ཤིས་ཀྱི་གློག་བརྙན་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་དང་མཉམ་དུ་གླེང་མོལ་བྱས་པ་<<སྟག་སྣ་>>ཞེས་པ་དང་། ངག་དབང་ཆོས་འཕེལ་གྱི་གློག་བརྙན་<<དབྱངས་ལ་འཐིམ་པའི་བོད།>> བོད་ནང་ནས་འཁྲབ་སྟོན་བྱས་པའི་པདྨ་ཚེ་བརྟན་གྱི་གློག་བརྙན་<<ཁྱི་རྒན་>>ཞེས་པ་སོགས་མི་མང་ལ་གཟིགས་འབུལ་བྱས་ཡོད་པ་རེད།
གློག་བརྙན་དུས་སྟོན་དེ་ནི་གཙོ་བོ་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གྱིས་བོད་ནང་གི་གནས་སྟངས་སྐོར་བོད་ནང་གི་བོད་མི་ཚོར་བཅར་འདྲི་བྱས་ཏེ། གློག་བརྙན་བཟོས་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པར། ཁོང་ལ་ཆེ་བསྟོད་དང་། བོད་པའི་གློག་བརྙན་ཁག་ཚགས་ཚུད་ཡར་རྒྱས་ཡོང་ཆེད་དུ་སྡིངས་ཆ་བསྐྲུན་པ་ཞིག་ཡིན་པ་རེད། །