མང་གཙོའི་འཕེལ་རིམ་གྱི་ཟབ་སྦྱོང་།
ཟླ་འདིའི་ཚེས་༢༥ ནས་ནས་༢༧ བར་ཉིན་གསུམ་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་སྲིད་བྱུས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་སྤྱི་ལྷ་མོ་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
ཟབ་སྦྱོང་སྤྲོད་མཁན་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་པདྨ་འབྱུང་གནས། ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། འབའ་བ་སྐལ་བཟང་རྒྱལ་མཚན། ཨ་ཀྲུག་ཚེ་བརྟན་བཅས་ཆེད་ཕེབས་གནང་འདུག་ལ། ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གདན་ས་ཆེན་པོ་དགའ་འབྲས་གཉིས་དང་བཙུན་དགོན་བྱུང་ཆུབ་ཆོས་གླིང་བཅས་ནས་གྲྭ་པ་དང་བཙུན་མ། དེ་བཞིན་མོན་གྷོ་ས་གནས་འཐུས་ཚོགས་དང་བོད་རང་དབང་བདེན་པའི་ལས་འགུལ་ཁང་བཅས་ནས་ཁྱོན་བསྡོམས་མི་གྲངས་༡༢༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།
དེ་ཡང་ཉིན་དང་པོའི་ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་གི་འགན་འཛིན་ནམ་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ལས་རིམ་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་གི་དགོས་དམིགས་སྐོར་ལ་གསུང་བཤད་གནང་དོན།
ཐོག་མའི་དམིགས་ཡུལ་བཞིན། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་གི་ཐོག་ནས་འགོ་འཛུགས་གནང་བཞག་ཞིག་རེད་ལ། དེ་ནས་མཐོ་སློབ་ཁག་གི་སློབ་མ་རེད། དེ་བཞིན་སློབ་གྲྭར་བསྐྱོད་བཞིན་པའི་སློབ་ཕྲུག་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་རེད། ལྷག་དོན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་སོགས་རྒྱུན་མ་ཆད་པར་ལོ་བཅུ་གྲངས་ཤིག་ནས་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་རེད། དེ་དང་མཉམ་དུ་བོད་དོན་རྒྱབ་སྐྱོར་དང་གླེང་སློང་ཡོང་ཆེད་དུ་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་མཚོན་པའི་དཔོན་རིགས་ཚོར་འབྲེལ་ལམ་བཟུང་དང་འཛིན་བཞིན་ཡོད་པ་དེ་ཡང་ང་ཚོའི་དམིགས་ཡུལ་ཆེ་ཤོས་ཤིག་རེད། དེ་ག་ནང་བཞིན་བཙན་བྱོལ་བོད་་མིའི་སྤྱི་ཚོགས་ཁྲོད་མང་བཙོ་སྲ་བརྟན་གནས་ཐུབ་དང་། དེའི་ནང་ལོགས་སུ་ས་གནས་འཐུས་ཚོས་ཡིན་ན་འང་འདྲ། དེ་མ་ཡིན་པའི་དབུས་ས་གཉིས་ཀྱི་ལས་བྱེད་ཆེ་ཕྲ་ཡོངས་ལ་ཟབ་སྦྱོང་རིམ་པའི་ཕུལ་བསྡད་ཡོད་པ་རེད། དེ་རིང་གི་ཟབ་སྦྱོང་འདི་ལ་ཆ་མཚོན་པ་ཡིན་ན། ང་ཚོའི་ཉིས་སྟོང་བཅུའི་ལས་འཆར་ནང་ལོགས་སུ་ཡོད་པ་རེད། ཡིན་ན་ཡང་སྐབས་དང་དུས་འཚམས་པོ་རིང་མ་བྱུང་བ་རེད། ད་ལོར་ཆ་མཚོན་ན་དུས་ཚོད་སོགས་ཏག་ཏག་ཡིན་པའི་ཆ་ནས་འདི་ལྟར་གོ་སྒྲིག་བྱས་པ་ཡིན། གཞི་རྩིའི་ཟབ་སྦྱོང་གོ་སྒྲིག་བྱས་པ་བཞིན་སྐུ་ངོ་སྤྱི་འཐུས་རྣམ་པའི་ཐུགས་ཁུར་ཆེ་བཞེས་ཀྱི་ཕེབས་པ་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམ་པའི་ངོས་ནས་རེད། དེ་རིང་གི་ཟབ་སྦྱོང་འདི་གལ་ཆེན་པོར་རྩི་ཡི་ཡོད། དེིའི་རྒྱུ་མཚན་ག་རེ་ཡིན་ལབ་ན། འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་གང་གི་ཐོག་ནས་བཤད་ན་ཡང་རེད། འདས་པའི་ལོ་རྒྱུས་ཐོག་ནས་བཤད་ན་བོད་ཀྱི་རྩ་དོན་ཐོག་དགེ་འདུན་པའི་ཐུགས་ཁུར་ཆེས་བཞེས་གནང་བ་དང་། སྐབས་དུས་སུ་མ་འགྲིག་མ་འཐུས་ས་ཡང་མང་པོ་ཞིག་བྱུང་ཡོད་པ་ང་ཚོའི་བརྗོད་མི་དགོས་པར། ཚང་མའི་ཤེས་གསལ་རེད། ད་ལྟའི་ང་ཚོ་བཙན་བྱོལ་གྱི་གནས་བབས་ཐོག་ནས་བཤད་ན་མང་གཙོའི་ཐོག་ཤར་བསྐྱོད་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་གྲྭ་བཙུན་གྱི་སྡེ་འདི་ང་རང་ཚོའི་སྡེ་ཚན་ཆེས་ཤོས་ཤིག་དང་གལ་གནད་ཆེན་པོ་ཞིག་ལ་རྩི་ཡི་ཡོད་པས། ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཞིག་དང་། རྩ་བས་ཆ་ནས་རྣམ་པ་ཚོའི་མ་མཁྱེན་པ་ཡོད་པ་མ་རེད་དེ་མཁྱེན་པའི་ཐོག་ལ་གསལ་བོ་བཟོ་བའི་ཆེད་དུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྩ་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་བྱེད་ཐུབ་ཐབས་བཅས་ཀྱི་ཆེད་དུ་ཡིན་སྐོར་སོགས་གསུངས་སོང་།
དེ་རྗེས་ཟབ་སྦྱོང་ཉིན་དང་པོའི་སྔ་དྲོའི་ཆུ་ཚོད་༩ ༣༠་ཕྱེད་ནས་༡༡ བར་བོད་མི་མང་སྤྱི་འཐུབ་བསྟན་ལུང་རིགས་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་སྲིད་བྱུས་ཁག་གིས་སྐོར་ལ་ཟབ་ཁྲིད་གནང་ཡོད་པ་དང་། ཆུ་ཚོད་༡་༣༠་ཕྱེད་ནས་༣ ༣༠་ཕྱེད་བར་སྲིད་བྱས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་གནང་རྗེས་ཕྱི་དྲོ་ཆུ་ཚོད་༤་ནས་༦་པའི་བར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་སླད་རང་གཞུང་ནས་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འབྱུང་རིམ་དང་དེའི་གནས་བབ་བཅས་ཀྱི་ཐོག་ཟབ་ཁྲིད་གནང་ཡོད་པ་རེད།
ཟབ་སྦྱོང་ཉིན་གཉིས་པ་སྟེ་ཚེས་༢༦ ཉིན་གྱི་ཞོགས་ཆུ་ཚོད་༩ ནས་ཕྱི་དྲོ་ཆུ་ཚོད་༧ པའི་བར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་འོས་བསྡུའི་སྒྲིག་གཞི་ངོ་སྤྲོད་བཅས་ཀྱི་ཟབ་ཁྲིད་གནང་ཡོད་པ་རེད།
ཉིན་གསུམ་པ་སྟེ་ཚེས་༢༧ ཉིན་གྱི་ཞོགས་པ་༩་པ་ནས་༡༠་༣༠ ཕྱེད་བར་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བོད་ཀྱི་བླ་ཆེན་རྣམས་པའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲུབ་དོན་སྙིང་བསྡུས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་སློབ་སྤྱིུ་ཕེབས་ཐོག་གསུང་བཤད་གནང་རྗེས། ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་ཟབ་སྦྱོང་མཇུག་བསྡོམས་དང་འབྲེལ་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་དགོངས་འཆར་དང་དྲི་བ་དྲིས་ལན་གནང་མཐར་ཐེངས་འདིའི་ཟབ་སྦྱོང་རྒྱལ་ཁའི་ངང་ཡོངས་སུ་མཇུག་དྲིལ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།