མདོ་སྨད་རྨ་ཆུའི་གྲྭ་པ་ཞིག་རྒྱ་གཞུང་གིས་འཛིན་བཟུང་།

1351490715848ཟླ་འདིའི་ཚེས་༢༥ ཉིན་གྱི་མཚན་མོ་བོད་མདོ་སྨད་རྨ་ཆུ་རྫོང་ཁོངས་ཀྱི་མུ་ར་ངག་སྐོར་སྡེ་པའི་གྲྭ་སྦྱིན་པ་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། ནང་མི་འབྲེལ་ཡོད་ཀྱིས་ད་ལྟའི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ཅེས་དྷ་སར་གནས་སྡོད་ལྷ་མོ་སྐྱབས་ཀྱིས་འགྲེལ་བརྗོད་གནང་སོང་།

གྲྭ་སྦྱིན་པ་ཕྱི་ལོ་ ༢༠༠༨ ལོར་ས་གནས་སུ་བྱུང་བའི་ཞི་རྒོལ་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་མཁན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱས་མཁན་ཡིན་པའི་ཉེས་འཛུགས་དོགས་གཞིའི་འོག སྔ་ཕྱིར་ཐེངས་མང་པོར་འཛིན་བཟུང་གིས་བཀག་ཉར་འདྲི་གཅོད་དང་རྗེས་འདེད་ལྟ་རྟོགས་བྱེད་མྱོང་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི མཚན་གྱི་ཆུ་ཚོད་ ༢།༠༠ པ་ཡས་མས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ནས་གློ་བུར་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

གྲྭ་སྦྱིན་པ་ནི་རྨ་ཆུ་རྫོང་། མུ་ར་ངག་སྐོར་སྡེ་པ་ནས་ཡིན་པ་དང་། རང་ལོ་ ༣༨ ཡིན་འདུག རྨ་ཆུ་ས་གནས་ལ་མཚོན་ན། ད་ཆར་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་སློབ་གྲྭ་ཁག་ལ་དམ་དྲག་བྱས་ཏེ། ཁྱིམ་བདག་དང་སློབ་མ་ཐུག་འཕྲད་ལ་བཀག་སྡོམ་དང་། ས་གནས་ཀྱི་བརྒྱུད་ལམ་ཡོངས་བཀག་འགོག  ས་གནས་གྱི་གཞུང་ལམ་ཁག་ཏུ་ཞིབ་བཤེར་བཅས་བྱས་ཏེ་ས་གནས་མི་མང་དམ་དྲག་འོག་ལྷག་ཡོད་འདུག