མ་འོངས་པར་བོད་ནས་མཁས་དབང་སྐད་གཏོང་དགོས་ཀྱི་འདུག

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ཟླ་༡༠ ཚེས་༢༧ ནས་ཉིན་གསུམ་གྱི་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་ཡོད་པ་དང། ཕྱི་ཚེས་༢༩ ཉིན་ཏེ་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གདན་ཞུས་ཀྱིས། ཚོགས་ཆེན་མཇུག་སྡོམ་གྱི་མཛད་སྒོ་ཞིག་འཚོགས་སོང་།

སྐབས་དེར་གསར་འགོད་པས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ལ། མཛད་སྒོའི་དབུ་འཛུགས་སྐབས་ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན་ཚོགས་ཆེན་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཆགས་དགོས་ཀྱི་ཡོད་སྟབས། ཚོགས་ཆེན་འདིར་དམིགས་བསལ་གྱི་གྲུབ་འབྲས་གང་ཐོན་སོང་ཞེས་དྲིས་པར། ཁོང་གིས་“དུས་རབས་༨ པའི་ནང་བསམ་ཡས་ལ་སྨན་གྱི་བགྲོ་གླེང་ཐེངས་དང་པོ་འཚོགས་པ་རེད། སྐབས་དེར་ཉི་མ་གཅིག་གཉིས་དེ་འདྲ་མ་རེད། ལོ་ནས་ལོ་མཐུད་ནས་འཚོགས་ཏེ་བགྲོ་གླེང་གནང་མཐར་གཞུང་དེ་ཚོ་གཏན་འབེབས་བྱས་པ་རེད། ང་ཚོ་འདིར་མི་ཚང་མ་བྲེལ་བ་ཡིན་སྟབས་ཉིན་རྟག་པར་འཛོམས་ཐུབ་ཀྱི་ཡོད་མ་རེད། ཡིན་ན་ཡང་ཉིན་གསུམ་གྱི་རིང་མི་མང་པོ་ཞིག་གིས་གསུང་བཤད་དང་། ཁོ་རང་ཚོས་དཔྱད་པ་གནང་ནས་བྲིས་པའི་གཞུང་དེ་ཚོ་དེབ་གཟུགས་སུ་པར་སྐྲུན་བྱས་ཡོད། མ་འོངས་པར་སྨན་པ་དེ་ཚོ་དངོས་སུ་ཚོགས་ཆེན་ལ་བཅར་མ་ཐུབ་ཀྱང་། དེབ་དེ་ཚོའི་བརྒྱུད་ནས་མཁས་པ་ཚོའི་གསུང་བཤད་དང་། ཉིན་གསུམ་གྱི་རིང་ག་རེ་བྱུང་ཡོད་མེད་དེ་ཚོ་ཤེས་ཐུབ་པ་བྱས་ཡོད་”ཅེས་བརྗོད་སོང་།

ཡང་ཁོང་ལ་ཐེངས་འདིར་ཁྱེད་རང་ཚོས་ཚོགས་ཆེན་འདི་མཇུག་སྐྱོང་གི་གྲོས་ཆོད་དེ་འདྲ་བཞག་ཡོད་དམ་ཞེས་དྲིས་པར། ཁོང་གིས་“ང་ཚོའི་ཚོགས་ཆེན་འདིར་སྨན་པ་ཚོས་ཕན་ཚུན་ལ་སློབ་སྦྱོང་བརྗེ་ལེན་བྱས་པ་མ་གཏོགས་མ་འོངས་པའི་ལས་གཞིའི་ཐོག་གྲོས་ཆོད་གང་ཡང་བྱུང་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཚོགས་བཅར་བ་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་སྨན་པ་ཟླ་བ་ལ་ཐེངས་འདིའི་ཚོགས་ཆེན་འདི་ག་འདྲ་བྱུང་སོང་ཞེས་དྲིས་པར། ཁོང་གིས་སྤྱིར་བཏང་ཡག་པོ་རེད། ང་ཚོ་བོད་པ་གཅིག་པུ་མ་ཡིན་པར་འཛམ་གླིང་གི་མི་སྣ་མང་པོ་ཞིག་འཛོམས་པ་རེད། འདིར་འཛོམས་པ་དེ་ཚོ་ཡིན་ན་ཡང་བོད་ཀྱི་སྨན་ལ་དོ་སྣང་ཡོད་མཁན་དང་། སློབ་སྦྱོང་བྱེད་མཁན་ཡིན་དུས་ཡག་པོ་རེད་བསམ་གྱི་ཡོད། ཡང་འཛོམས་པ་ཙམ་མ་ཡིན་པར་བསམ་ཚུལ་གང་ཡོད་པའི་ཐོག་ལ་བགྲོ་གླེང་བྱས་ཡོད་པ་རེད། དེ་ཚོའི་ནང་མང་པོ་ཞིག་ཉམས་པ་སླར་གསོ་བྱེད་ཐབས་དང། ཡང་རིགས་གཅིག་སོ་སོའི་ཁྱད་ཆོས་མ་བརླགས་པའི་ཐོག་ནས་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས། དེ་བཞིན་མ་འོངས་པར་བོད་ཀྱི་གསོ་བ་རིག་པ་འདི་ག་འདྲ་ཡར་རྒྱས་གཏོང་དགོས་ཀྱི་འདུག་དེ་ཚོའི་ཐོག་བགྲོ་གླེང་བྱས་པ་རེད། གནས་ཚུལ་དེ་བོད་ཕྱི་ནང་ཚང་མར་ཁྱབ་འགྲོ་དུས་དེ་བསྐུལ་མ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་ཡོད། དེར་བརྟེན། ད་རེས་འདིར་ཉིན་གསུམ་གྱི་རིང་ཚོགས་ཆེན་ཞིག་འཚོགས་པ་ཙམ་མ་ཡིན་པར་མི་ཐོག་འདིས་མུ་མཐུད་ནས་འགན་ཁུར་དགོས་པ་རེད་བསམ་གྱི་ཡོད་”ཅེས་གསུངས་སོང་།

ཡང་ཁོང་ལ་མ་འོངས་པར་ཚོགས་ཆེན་འདི་འདྲ་འཚོག་པ་ཡིན་ན་ཡར་རྒྱས་གཏོང་དགོས་པ་མཐོང་སོང་ངམ་ཞེས་དྲིས་པར། ཁོང་གིས་“རྩ་བས་ད་རེས་ཚོགས་ཆེན་འདི་བཙན་བྱོལ་སྤྱི་ཚོགས་ནང་འཚོགས་ཐུབ་པ་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད། ཡིན་ན་ཡང་དེ་ལས་གཞི་རྒྱ་ཆེན་པོ་ཞིག་འཚོག་དགོས་ན་བོད་ནང་ལ་མཁས་དབང་མང་པོ་ཞིག་ཡོད་པ་དེ་དག་ཡོང་ཐུབ་ཐབས་བྱེད་དགོས་པ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད་”ཅེས་གསུངས་སོང་།

ཡང་ཚོགས་བཅར་བ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟུར་པ་སྐུའི་བླ་སྨན་པ་ཚེ་བརྟན་ལ་ཚོགས་ཆེན་འདི་ག་འདྲ་བྱུང་སོང་ཞེས་དྲིས་པར། ཁོང་གིས། “ད་རེས་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་ཆེན་འདི་འདྲ་ཞིག་གོ་སྒྲིག་བྱེད་ཐུབ་པར་ང་ཧ་སང་གི་འདུག འདིེར་བོད་སྨན་གཅིག་པུ་མ་ཡིན་པར་ཉམས་ཞིབ་ཀྱི་སྒང་ལ་བགྲོ་གླེང་མང་པོ་བྱུང་སོང། དེར་བརྟེན། ཚོགས་ཆེན་འདི་ཡག་པོ་བྱུང་སོང་”ཞེས་གསུངས་སོང་།
ཡང་ཁོང་ལ་མ་འོངས་པར་ཚོགས་ཆེན་འདི་འདྲ་འཚོག་པ་ཡིན་ན་ཡར་རྒྱས་གཏོང་ས་དེ་འདྲ་མཐོང་སོང་ངམ་ཞེས་དྲིས་པར། ཁོང་གིས་“མ་འོངས་པར་ང་ཚོས་ཚོགས་ཆེན་འདི་འདྲ་འཚོག་གི་ཡིན་གསུངས་ཀྱི་འདུག དེར་བརྟེན། མ་འོངས་པར་བོད་མི་མང་ཙམ་མཉམ་ཞུགས་བྱེད་དགོས་ཀྱི་འདུག་ལ། ལྷག་པར་བོད་ནང་ནས་གསོ་བ་རིག་པར་ལག་ལེན་བྱེད་མཁན་ཚོ་ངེས་པར་དུ་ཕེབས་དགོས་ཀྱི་འདུག མ་འོངས་པར་ཁོང་ཚོའི་མཉམ་དུ་ང་ཚོས་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་གསུངས་སོང་།།