བཙན་བཀའ་བཏང་ནས་བསྙུང་གནས་མཚམས་བཅད་པ།
ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ཁམས་ལྷ་ཐོག་ཁམས་པ་སྒར་དུ་སྤྱི་ལོ༢༠༡༢་སྤྱི་ཟླ་༡༠་པའི་ཚེས་༢༨་ཆོས་ཕྱོགས་ཁོ་ནའི་བྱེད་སྒོ་བདེ་ཆེན་ཞིང་སྒྲུབ་བསྙུང་གནས་ཤིག་བཙུགས་ནས་སྐྱ་སེར་སྟོང་གཉིས་ལྷག་ཙམ་འཛོམ་ཡོད་ཀྱང་ཉེན་རྟོགས་པས་མི་མང་རྣམས་རང་རང་སོ་སོའི་གནས་ལ་ལོག་དགོས་པའི་བཙན་བཀའ་བཏང་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་རྦད་དེ་མཚམས་འཇོགས་བྱེད་བཅུགས་འདུག
ལོ་འདིར་ཁམས་པ་སྒར་དགོན་པའི་འགྲམ་དེ་ག་རང་ལ་རྒྱ་གཞུང་གིས་ལས་དོན་རུ་ཁག་ཟེར་བའི་ཉེན་རྟོགས་ལས་ཁུངས་གཞི་རྒྱ་ཆེན་པོ་ཞིག་གསར་རྒྱག་བྱས་ཡོད་ཅིང་།བོད་ནས་གནས་ཚུལ་མཁོ་སྤྲོད་པས་ཟེར་ན་ལས་དོན་རུ་ཁག་གི་ཁང་པ་ཆེན་པོ་དེའི་ལོགས་གཅིག་བཙོན་ཁང་ཡིན་རབ་ཡང་བཤད་སོང་། དགེ་འདུན་པ་རྣམས་དཔེར་ན་ཆབ་མདོ་རྫོང་ཐོག་ལ་འགྲོ་དགོས་ནའང་ལས་དོན་རུ་ཁག་ལས་ཁུངས་ནས་དགོངས་ཤོག་ལེན་པ་ལས་འགྲོཆོག་གི་མེད་པ་དང་་ལས་དོན་ཛ་དྲག་གང་ཆེ་ཡང་དགོངས་ཤོག་ཉིན་གསུམ་ལྷག་སྤྲད་ཀྱི་མེད་པ་རེད་ཟེར། ཁམས་པ་སྒར་ཟེར་བ་དེ་མདོ་ཁམས་སྨད་ཕྱོགས་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཆེ་ཤོས་དེ་ཡིན་ཞིང་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་སྐུ་ཡི་གཅུང་པོ་གཅིག་དགོན་པ་འདི་རུ་བཞུགས་ཡོད་པ་མ་ཟད།༧རྒྱལ་དབང་ཀརྨ་པའི་ཡབ་ཡུམ་གཉིས་དགོན་པ་འདི་རུ་ཕྱགས་མཆོད་འབུལ་དང་སྐོར་ར་བྱེད་ནས་བཞུགས་ཀྱི་ཡོད་པ་རེད་ཟེར།