དངངས་འཚབ་ལ་སྨྲས་པ།
དངངས་འཚབ་ལ་སྨྲས་པ།
ཁྱེད་རང ཅི་འདྲའི་གསང་བ་ཞིག
ཉིན་མོ་འདི་ཚོར་ང་ལ་ཅི་ཞིག་བོར་སོང་བའམ
ཅི་ཞིག་གིས་རྡེག་གིན་པའི་ཚོར་སྣང་ཞིག་ཆད་མེད་དུ་འབྱུང་བས
དེ་ནི ལྷ་སའི་བར་སྣང་དང་འདྲ་བར
ཁྱེད་ཀྱིས་དུད་སྟངས་ཀྱིས་བསང་དུད་ཡང་ཡང་བྱས་རྗེས
འོད་ཀོར་ཀྲིག་ཀྲིག་གིས་འཆགས་པའི་ཁ་བ་ལྟ་བུའི་བདག
ལྕང་སྡོང་གི་རྩད་པ་ནས་སབ་སིབ་ཀྱིས་མར་སྤྲུགས་པ་མིན་ནམ
ངས་ཉག་ཉོག་གི་དྲན་པ་མང་པོ་ཞིག་དམར་གསོད་བྱས་ནས
ད་གཟོད བྲང་གཞུང་ནས་ཅི་ཞིག་འཆོང་ལྡིང་བྱེད་པར་རྣ་བར་བླགས
དངངས་འཚབ་ཀྱི་མི བདག་གི་དྲན་ཤེས་རྙི་མོ་དེ་སླར་གསོ་བྱུང་དུས
ཁྱེད་རང་ལམ་ལ་ཆས་རན
བར་སྣང་གི་བྱེའུ་ཆུང་འདི་ཚོ་བརྩེ་དུང་ཁོ་ནའི་ཆེད་དུ་འཚོ་ཞིང
ཆང་རྐྱལ་གྱི་གཉེན་ཉེ་འདི་ཚོའང་ང་ཁོ་ནའི་ཆེད་དུ་ཡོང
རོ་ལང་ལྟ་བུའི་ཁྱེད་རང་ཕྱིར་ལོག་བྱེད་དུས
ངས་བསྐྱར་དུ་རང་ཉིད་གསར་པ་ཞིག་བཞེངས་སྐྲུན་བྱས་ཡོད
དེ་ནི གྲོང་པ་ཞིག་གི་སྤྱིལ་བོ་ཞིག་དང་འདྲ་བར
ཆག་ཉིལ་ལེར་མར་བཤིགས་རྗེས
དེ་དང་རྣམ་པ་འདྲ་མཚུངས་ཀྱི་བསྡོད་ཁང་ཞིག་བསྐྲུན་པ་དང་འདྲ་འདུག
གལ་ཏེ ཁྱེད་རང་སྔོན་མར་ཡོང་བའི་ལམ་བུ་དེར་ཕྱིར་མ་ཆས་ཚེ
བདག་གིས་མེ་ཏོག་ལྟ་བུའི་ལྷ་མདས་ཁྱེད་རང་བསྒྲལ་རྒྱུ་ཡིན
ནགས་ཀློང་གི་རྔམས་ཁ་ལྟ་བུའི་མི་ཚོགས་དང
བྲག་སྐྱིབས་ཀྱི་གད་པ་བཞིན་གྱི་མི་བོ་ཆེ
བརྩེ་དུང་དམར་གསོད་བྱེད་པའི་གཉེན་པོ་དག་གིས
ཁྱེད་ཀྱི་རི་བོ་ལ་གུས་ཕྱག་ཡང་ཡང་འབུལ་བས
བདག་གིས་ཁྱེད་ཀྱི་སྤྲིན་པ་ལ་མགོ་བོ་སྒུར་དགོས་བྱུང་སོང
ངས་ཁྱེད་རང་རྒྱུ་བའི་འཇའ་ལམ་བསྐྲུན་ནས
རི་ཚོགས་དང་ཆུ་ཀླུང་ཡང་ཁྱེད་ལ་སྐུར
ལམ་དོག་པའི་ས་ཆ་དག་ནས་རྡེའུ་རེ་ཡང
ཁྱེད་ལ་བསམ་ནས་གཙང་ཕྱགས་བྱས་པས
ད་ནི སྲང་མདོར་མྱུག་པའི་མུ་ཏོ་བ་དེའང་གཡུགས་ཏེ
ཁྱེད་རང་སོང་ཞིག ཕྱིར་འོང་མེད་པའི་འཇིག་རྟེན་དེར
མ་གཞིར ནམ་མཁའ་ན་འཚོ་མཁན་དག་ནི
སྐར་མ་རེ་རེ་དང་འདྲ་བར
འོད་ལྷམ་ལྷེམ་གྱིས་འཚེར་བཞིན་ཡོད་ལ
ང་ཚོ་ནི་སྐར་མ་རེ་རེ་ཡི་རྣམ་ཤེས་ཀྱི་བསྡུས་གཟུགས་ཡིན་ངེས
བདག་གིས་ཕ་རོལ་པོ་ལྟར
རྣམ་ཤེས་ལ་འཆར་ཡན་གྱི་གཤོག་པ་རེ་བཙུགས་ཏེ
རང་དང་ལོ་ན་མཉམ་པའི་བར་སྣང་དུ་གཏོང་ཚེ
ཁྱེད་རང་དམྱལ་བ་ན་རྫོངམཁན་ང་རེད་ཅེས་མི་སྨྲ་བར་བྱོས
བསམ་མེད་ཀྱི་བྱིས་པ་འགའ
བྲིས་དེབ་མཐིལ་གྱི་རི་མོ་མཛེས་མཛེས་དག་ལ
ཡིད་དབང་རྩད་ནས་ཤོར་ཏེ
སློབ་གྲྭར་ལོག་པའི་ལམ་གྱི་ཕྱེད་ཀ་ནའང
རྨི་ལམ་ཞིམ་པོ་ཞིག་གིས་གཉིད་ཅོལ་རྒྱག་གིན་འདུག
ཁྱེད་རང་སྔུན་ནས་འདྲུད་མཁན་ནི་རྨི་ལམ་སྐྱིད་པོ་དེ་ཡིན་ཞིང
ཁྱེད་རང་གཞུག་ནས་འདེད་མཁན་ཡང་རྨི་ལམ་འཁྲུལ་བ་དེའོ
ཁྱེད་རང་ཁུ་སིམ་སིམ་གྱི་ངའི་ཡན་ལག་ཅིག་ཀྱང་ཡིན་ངེས་ཏེ
ཡང་ན དུངས་སེམས་ཡང་ཡང་བསྣད་པའི
དབང་རྩའི་ཕྲ་ལག་ཅིག་ཀྱང་ཡིན་ངེས
དཔེར་ན ལྷིང་འཇགས་ཀྱི་རྫིང་བུ་ཅལ་གྱིས་དཀྲོགས་པ་དང
ངོ་ཚ་དམན་པའི་བརྩེ་དུང་དྭངས་མ་ཞིག་གི་གཡོན་གཡས
རྟ་རྒན་གྱིས་ཕུ་སྒྲ་སྒྲོག་པའི་མུན་པའི་ཁྲོད་ན
ཁྱེད་ཀྱིས་སུ་ཞིག་ལ་གུ་ཡངས་འབྱིན་མྱོང
2012/ 10/ 9