བུད་མེད་གླེང་བ། མུ་འགོད།

བུད་མེད་ལ་འཇོན་ཐང་དང་ནུས་ཤུགས་ཡོད་པ་དེ། དེང་གི་ཆར་མངོན་འགྱུར་བྱེད་བཞིན་པ་དང་ཡར་རྒྱས་འགྲོ་བཞིན་པ་ཡིན་ན་ཡང་བོད་ཀྱི་བུད་མེད་རྣམས་རང་གཤིས་ངན་པ་དང་གོམས་སྲོལ་ངན་པའི་རྒྱ་ལས་ད་དུང་ཡང་ཐར་མེད། 

ཀ༽  རང་གཤིས་ངན་པ་ནི་བུད་མེད་རང་ཉིད་ཀྱི་སེམས་ཁམས་བག་ཁུམ་དང་ལེ་ལོ་ཡང་ན་འཚེར་སྣང་ཆེ་བ་བཅས་ལས་སྤྱི་ཚོགས་སུ་འབུར་དུ་འཐོན་པའི་ལག་རྗེས་འཇོག་དཀའ་བ་དེ་རེད།  ད་ལྟའི་སྤྱི་ཚོགས་སུ་བུད་མེད་མངོན་ཐོན་པ་འགའ་ཞིག་མཆིས་ཀྱང་གྲངས་ཀ་ལ་དཔག་པའི་ཧ་ཅང་ཉུང་ཉུང་རེད།  ངས་ནམ་རྒྱུན་ནས་བུད་མེད་རྣམས་ཅིའི་ཕྱིར་རྗེས་སུ་ལུས་སམ་ཞེས་དངོས་ཤུགས་བརྒྱུད་གསུམ་ནས་བརྟག་ཀྱང་ཚད་མར་ངེས་པའི་དོན་འབྲས་མ་བརྙེད་མོད།  བུད་མེད་ཕལ་མོ་ཆེ།  ཤེས་ཡོན་དང་ལས་དོན་གང་སྤྱིའི་ཐོག་ལ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་མེད་པ་ལྟ་བུར་མཐོང་བྱུང་།  ཕུགས་རྒྱང་རིང་པོའི་དམིགས་ཡུལ་མེད་པའི་མི་སུ་འདྲ་ཞིག་ཡིན་རུང་དེས་ལས་སློབ་གང་ལ་ཡང་ཅིས་ཕྱིན་པའི་སྦྱོང་བརྩོན་མི་བྱེད་པ་དང་དོ་སྣང་མི་བྱེད་པ་ཆོས་ཉིད་རེད།

ཁ༽ གོམས་སྲོལ་ངན་པ་ནི་གནའ་བོའི་བོད་ཀྱི་གོམས་སྲོལ་ལ་བུད་མེད་རྣམས་ནང་ལས་ཙག་ཙིག་བྱེད་མཁན་ཡིན་ཤག་ཤག་ཏུ་བརྩི་བའི་ལམ་ལུགས་ཀྱིས་སྤྲད་པའི་བག་ཆགས་ཀྱིས་བུད་མེད་རྣམས་ཀྱི་སེམས་ཁམས་སུ་རང་ཉིད་བྱིས་པ་ཉོར་སྐྱོང་བྱེད་མཁན་ནམ་ཡང་ན་ནང་ལས་ཙག་ཙིག་བྱེད་མཁན་ཡིན་བསམ་པའི་འདུ་ཤེས་གཏིང་ཟབ་པོ་ཞིག་ཡོད་སྟབས་སློབ་སྦྱོང་བྱེད་འདོད་མེད་པའམ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པའི་གལ་གནད་མཐོང་མ་ཐུབ།  ཕྱོགས་གཞན་ཞིག་ནས་གནའ་བོའི་གཏམ་དཔེ་མང་པོའི་ནང་བུད་མེད་ལ་འཇོན་ཐང་མེད་རབས་ཀྱི་ཚིག་ངན་སྨོད་པ་དང་། བུད་མེད་ནི་སྐྲ་རིང་མ་དང་སྣ་ཐུང་མ་རེད་ཅེས་བརྗོད་པ་སོགས་ཀྱིས་བུད་མེད་རྣམས་ཀྱི་སེམས་ལ་རང་བཞིན་གྱི་རང་ཉིད་གང་ཡང་མི་འཇོན་མཁན་ཞིག་ཏུ་འཛིན་གྱི་ཡོད་པ་ནི་ང་རང་ད་ལྟ་འཚོ་བཞིན་པའི་ཁོར་ཡུག་ནས་ར་སྤྲོད་བྱས་བྱུང་།

རྒྱུ་མཚན་དེའི་ཕྱིར་ན་ང་རང་བུད་མེད་གཅིག་གི་ངོས་ནས་བུད་མེད་ལ་ཡོད་པའི་ཞན་ཆ་རྣམས་གླེང་སྟེ།  རིང་མིན་དུ་བོད་ཀྱི་མཛའ་ན་མོ་རྣམས་ཕྱོགས་ལས་རྣམ་པར་རྒྱལ་བར་མཐོང་ན་འདོད་པས་དྲ་གྲོགས་ཀུན་གྱིས་ཕྱོགས་ལྷུང་དང་ང་རྒྱལ་གྱི་བསམ་པ་སྤངས་ཏེ།  བགྲོ་གླེང་ལྷུག་པོར་གནང་བའི་རེ་བ་ཆེ།།