གཙོས་དགའ་ལྡན་ཆོས་གླིང་གི་གྲྭ་པ་འཇུ་བཟུང་བཀག་ཉར།

lobsang_choepelམདོ་སྨད་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་དགེ་འདུན་པ་ཁག་ཅིག རྒྱ་ནག་གཞུང་གིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙན་ཁྲིད་བྱས་ཏེ། ད་ལྟའི་གནས་སྟངས་གསལ་རྟོགས་མེད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡ ཉིན་དྷ་སར་གནས་སྡོད་ཀླུ་སྒྲུབ་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། losal_tsoeའདི་ལོའི་ཕྱི་ཟླ་༨ ཚེས་༧ ཉིན་གཙོས་དགོན་པའི་ཉེ་འགྲམ་དུ་སྒྲོལ་དཀར་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སོང་བའི་ཕྱི་ཉིན་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་དང་། བརྩོན་འགྲུས། བློ་གསལ། སྟོབས་ལྡན་བཅས་རྒྱ་གཞུང་གིས་ཉིན་ཤས་རིང་འཇུ་བཟུང་བཀག་ཉར་བྱས་ཏེ། གློད་གྲོལ་བཏང་ཡོད་ནའང། རྗེས་སུ་ཆོས་འཕེལ་བསྐྱར་དུ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ལས། འཛིན་བཟུང་བཀག་ཉར་གྱི་དུས་ཚོད་ག་དུས་ཡིན་ཤེས་རྟོགས་མེད་པ་རེད། tsundue_tsoeའདི་ལོའི་ཕྱི་ཟླ་༡༠ ཚེས་༡༣ ཉིན་ས་གནས་དེར་རྟ་མགྲིན་རྡོ་རྗེས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ། འདས་གྲོངས་སོང་རྗེས། བསྐྱར་དུ་གྲྭ་བློ་གསལ་དང་། བརྩོན་འགྲུས། སྟོབས་ལྡན་བཅས་རྒྱ་གཞུང་གིས་འཛིན་བྱས་ཡོད་པ་ལས། གང་ཞིག་ཏུ་བཀག་ཉར་བྱས་ཡོད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།