གུང་བོད་གནད་དོན་ལ་གནད་དོན་འདུག
རྩོམ། འོད་ཟེར།
སྒྱུར། ནགས་ཤོད་སད་མི།
ངས་ད་དུང་ཡང་ཨ་རིར་གནས་སྡོད་རྒྱ་མི་རྩོམ་པ་པོ་ལྕམ་ལཱིས་ཅང་ལིང་གི་ <<ལྕགས་བྱ་ནམ་མཁར་ལྡིང་སྐབས་— 1956-1962 བར་མཚོ་བོད་ས་མཐོའི་སྒང་གི་གསང་བའི་དམག་འཐབ་>> ཅེས་པའི་དཔེ་དེབ་བཀླགས་མེད།
ཡིན་ནའང་དྲ་ཐོག་ནས་འབྲེལ་ཡོད་ཡིག་ཆ་དང་རྩོམ་པ་པོའི་སྔོན་གླེང་ཙམ་བཀླགས་པ་ཡིན། རྩོམ་པ་པོའི་སྔོན་གླེང་ནང་གི་སྐད་ཆ་འདི་ཧ་ཅང་གནད་འགག་ཅིག་ཡིན་པ་སྟེ། “1950 ལོ་དཀྱིལ་ནས་ 1960 ལོ་མགོ་བར། ཀྲུང་གོའི་ལྷོ་ནུབ་དང་ནུབ་བྱང་ཁུལ་དུ་ཡ་ང་བའི་དམག་འཐབ་ཅིག་བྱུང་བ་རེད། ས་ཆའི་ཁྱབ་ཚད་ནི་བོད་མི་གནའ་ནས་སྡོད་སའི་བོད་ཆོལ་གསུམ་སྟེ། དེང་དུས་ཀྱི་བོད་རང་སྐྱོང་ལྗོངས་དང་མཐའ་འཁོར་ཞིང་ཆེན་བཞིའི་བོད་ཁུལ་བཅས་རེད། དམག་འཐབ་ཀྱི་ངོས་གཅིག་ནི་དེང་རབས་གོ་མཚོན་ཐོགས་པའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རི་འཐབ་དམག་དཔུང་དང་། དེ་མིན་དམག་སྦྱོང་ཐོབ་པའི་དྲག་ཆས་ཡུལ་དམག་བཅས་རེད། ཕྱོགས་གཞན་ཞིག་ནི་རྫས་མདའ་དང་། རིང་མདའ། དེ་མིན་གྲི་མདུང་གཙོ་བོ་ཐོགས་པའི་བོད་ཁུལ་ཞིང་འབྲོག་མང་ཚོགས་དང་། དགེ་འདུན་པ། གཞུང་ཕྱོགས་ཀྱི་མགོ་ཁྲིད་ཉུང་ཤས་དང་བོད་དམག་ཁག་ཅིག་རེད།”ཅེས་འཁོད་འདུག
ལཱིས་ཅང་ལིང་གིས་སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་དང་ཐེར་འདོན་བྱས་པ་དེར། ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་ཐུགས༌རྗེ་ཆེ་ཞུ། རེད་དེ་ངོ་མ་བཤད་ན། དེའི་སྐབས་ཀྱི་བྱུང་བ་ནི་“དམག་འཐབ་” ཅིག་མ་རེད། དེ་ནི་སྡེབ་གསོད་རང་རེད། གཞན་ཡང་། གནས་ཚུལ་ངོ་མ་བྱུང་ས་དེ་“ཀྲུང་གོའི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་” ལ་མ་རེད། དེ་ནི་བོད་མིར་དབང་བའི་ཐུ་བྷོད་ཀྱི་ས་ཆ་ཨ་མདོ་དང་། དབུས་གཙང་། ཁམས་བཅས་རེད།
འདིའི་ཐད། བོད་རིག་གནས་མཁས་པ་དང་། དབྱིན་ཏི་ཨན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་ལོ་ཁྲི་སི་ཕར་ལིང་གིས་སྐབས་དེའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་གསར་ཤོས་ <<མི་ཤིའི་བསྡོམས་ཐོ་>> ཞེས་པའི་ནང་བཀོད་དོན། “ཕལ་ཆེར་ 1950 ནས་ 1975 བར། ཐུ་བྷོད་ལ་སྡེབ་ཤི་ཕོག་པའི་དོན་རྐྱེན་བྱུང་ཡོད་མེད་ནི་རྩོད་མེད་ཀྱི་གནད་དོན་ཞིག་རེད …… འདིའི་སྐོར་རང་དབང་ངང་རྒྱ་ནག་ཕྱོགས་ཀྱི་ཟིན་ཐོ་རག་ཐབས་མེད་རྐྱེན། མི་ཤིའི་ཁ་གྲངས་ཏན་ཏིག་ཅིག་ཡོང་ཐབས་མེད་པ་རེད། ཡིན་ནའང་སྡེབ་གསོད་ཆེན་མོ་ཞིག་བྱུང་ཡོད་པ་ནི་དོན་དངོས་ཡིན་པས་ཐེ་ཚོམ་མི་ དགོས་པ་ཞིག་རེད།”ཅེས་རྩོམ་ཡིག་དང་མཉམ་སྦྱར་བྱས་པའི་རུས་རྐང་སྐྱ་ཉིག་གེ་བའི་པར་རིས་གསུམ་པོ་དེས་སྡེབ་གསོད་ཀྱི་དཔང་པོ་བྱས་པ་རེད། དེ་ནི་ཁམས་ནང་ཆེན་ཁུལ་(དེང་མཚོ་སྔོན་ཞིང་ཆེན་ནང་དབྱེ་བཀར་བྱས་ )དུར་ས་ཞིག་ནས་གསར་དུ་སྔོག་འདོན་བྱས་པའི་པར་རིས་ཡིན་པ་དང་། ས་གནས་བོད་མིས་བཤད་ན། དེ་ནི་ 1958 ལོར་སྡེབ་གསོད་ཕོག་པའི་བོད་ཀྱི་གྲྭ་བཙུན་ཚོའི་རུས་རྐང་རེད་ཟེར། དེ་མིན་ 1982 ལོར་རྒྱ་ནག་མི་འབོར་ཞིབ་བཤེར་རྗེས་ནས་བྲིས་པའི་ “ཕོ་མོའི་བསྡུར་གྲངས་རི་མོ་”ཞིག་ཡོད། ཐ་མ་རི་མོ་དེ་ལས་གསལ་ཡོང་བའང། << མི་ཤིའི་བསྡོམས་ཐོ་ >> ཞེས་པའི་ནང་བཀོད་དོན་ “ཐུ་བྷོད་ས་མཐོ་རྒྱ་ཁྱབ་ཏུ་ཕོ་མོའི་བསྡུར་གྲངས་ལ་ཧེ་བག་ཆེན་པོ་ཤོར་ཡོད་པ་མངོན། དོན་དངོས་ཐོག ཕོ་མོའི་གྲངས་ཀར་འདི་ལྟ་བུའི་ཧེ་བག་ཤོར་དོན་ནི་དྲག་པོའི་འཐབ་འཁྲུགས་ཀྱི་ཉེར་ལེན་ཁོ་ན་ལས་གཞན་བཤད་དུ་མེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ནང་དུ། ཐུ་བྷོད་ས་མཐོ་ནི་གཞི་ཁྱོན་ཆེ་ཤོས་རེད་ལ་དམར་མདོག་དང་བཅས་འབུར་གཟུགས་དོད་པའི་ས་ཁུལ་ཞིག་ཆགས་ཡོད། ས་ཁུལ་འདིའི་བུད་མེད་གྲངས་ཀ་ག་དུས་ཡིན་ན་ཡང་སྐྱེས་པ་ལས་མང་བ་ཡོད།”
ངས་ཨ་མདོ་བ་དང་ལྷན་དུ་སྔོན་མ་དང་ད་ལྟའི་སྐོར་གླེང་སྐབས། རྒན་གཞོན་དབྱེར་མེད་ཀྱིས་ག་དུས་ཡིན་ནའང་“ལྔ་བཅུ་ང་བརྒྱད་”སྐོར་གླེང་ཡོང་། (དེ་ནི་ཕྱི་ལོ་ 1958 ཀྱི་བསྡུས་མིང་རེད།) 1958 མདུན་རྒྱབ་ཏུ། རྒྱ་ནག་དམག་དཔུང་དང་སྲིད་དབང་གིས་ཐུ་བྷོད་ས་ཆ་ཡོངས་དང་། ལྷག་པར་དུ་ཨ་མདོའི་ས་ཁུལ་གྱི་ཁྱིམ་ཚང་རེ་རེའི་ནང་དུའང་གོད་ཆག་བཟོས་ཡོད་དུས། དཀའ་སྡུག་དེ་བོད་མི་ཚོའི་སེམས་པའི་གཏིང་རིམ་ན་བརྐོས་པ་རེད་ལ། ཐ་ན། རིག་གནས་གསར་བརྗེ་ལ་ཡང་“ང་བརྒྱད་”ཅེས་འབོད་པ་རེད། “ང་བརྒྱད་”ནི་“བཅིངས་འགྲོལ་”འབོད་པ་དེའི་རྗེས་ནས་སྡུག་བསྔལ་མ་ལུས་པའི་ཚང་ལྟ་བུ་ཆགས་པ་རེད།
ལྕམ་ལཱིས་ཅང་ལིང་གིས་ཐང་རན་གསར་པའི་བརྙན་འཕྲིན་དུ་འདི་ལྟར་བཤད་པ་སྟེ། “བོད་སྐོར་ལ། ས་ཆ་དེར་ལྷག་པའི་དམག་འཐབ་དེ་ནི། དོན་ངོ་མར་བརྗོད་ན་རྒྱ་ནག་གུང་ཁྲན་སྲིད་དབང་བཙུགས་པ་དང་། རྒྱལ་ཁབ་དབང་ཆ་སྒྲིག་བཀོད་བྱས་པའི་ཆ་ཤས་ཤིག་རེད། དེ་ན་ལྷག་པའི་གནས་ཚུལ་ཡོངས་སུ་རྫོགས་པ། ངོ་བོའི་ཆ་ནས་ནང་སའི་གནས་ཚུལ་དང་ཁྱད་པར་ཡོད་པ་མ་རེད།”ཟེར། ཐང་རན་གསར་པའི་བརྙན་འཕྲིན་མཇུག་སྡུད་སྐབས། ལཱིས་ཅང་ལིང་གིས་བརྗོད་རྒྱུར། གུང་ཁྲན་ཏང་གིས་བོད་མི་དམངས་ལ་དྲག་གནོན་དང་ཆོས་དད་མེད་བརླག་ཏུ་བཏང་བ་དེའང་། དོན་དམ་དུ། ཁོ་པས་ནང་སའི་རྒྱ་རིགས་མི་དམངས་ལ་བརྩམས་པའི་ལས་ཀ་དང་རང་གཤིས་སྒང་ནས་ཁྱད་པར་ཡོད་པ་མ་རེད། “རྒྱ་བོད་འགལ་ཟླ་”ཟེར་བ་དེ་ཡང་དོན་དམ་དུ་“གུང་བོད་འགལ་ཟླ་”ཙམ་རེད། (ལཱིས་ཀྱི་སྐད་ཆ་ཨ་མ “གུང་བོད་གནད་དོན”)ཟེར། ( སྒྱུར་བ་པོའི་མཆན། “་གུང་བོད་” ཟེར་བ་ནི་རྒྱ་གུང་ཁྲན་ཏང་དང་བོད་མི་རིགས་གཉིས་ལ་ཟེར། )
དོན་གནད་འདིར། ངས་རྩ་བ་ནས་མོས་མཐུན་བྱེད་མི་ཐུབ། གཉིས་པོ་དེར་ངོ་བོའི་ཆ་ནས་ཁྱད་པར་ཡོད་པ་ཨ་ཅང་བརྗོད་མེད་རེད། —— “ནང་ས་”ཟེར་བ་རུ་ལྷག་པའི་གནད་དོན་དེ་ནི། རྒྱ་ནག་རང་གི་ནང་འཁྲུུགས་ཤིག་རེད། འོན་ཏེ། བོད་དུ་ལྷག་པའི་གནད་དོན་ཡོད་ཚད་རྒྱ་ནག་གིས་བཙན་འཛུལ་དང་བཙན་བཟུང་བྱས་པ་ལས་བྱུང་བ་རེད། གལ་ཏེ་གོང་གི་དོན་གནད་གཉིས་པོ་དེར་ངོ་བོ་ཆ་ནས་ཁྱད་པར་མེད་ན། དེ་ནས་མའོ་ཙེ་ཏུང་གིས་བཤད་པའི་“མི་རིགས་འཐབ་རྩོད་མཐར་གཏུགས་ནས་བཤད་ན། གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཞིག་རེད།” ཟེར་བ་དེ་ཡང་གང་དུ་སྤྱད་ནའང་སྤྱོད་ཆོག་པའི་བདེན་གཏམ་ཞིག་ཏུ་འགྲོ་ལ། བཙན་འཛུལ་དང་བཙན་བཟུང་། མི་སེར་སྤེལ་བ་བཅས་ཀྱང་ཁ་མཁས་འདྲ་ཆགས་ཀྱི་གནས་ལུགས་ཤིག་ལ་འགྱུར་སོང་བ་མ་ རེད་དམ། དེ་མིན། སྡེབ་གསོད་དང་འགོག་རྒོལ་ལ་ཡང་“གུང་”དང་“བོད་”དབར་གྱི་གནད་དོན་ནམ། ཡང་ན།“འགལ་ཟླ་”ཡོད་པ་རེད་ཟེར་བ་དེ་ནི་བཤད་པའི་རྩལ་ལག་ཆེ་དྲགས་ནས། དོན་དངོས་ལ་སྒྲིབ་གཡོགས་སོང་བ་ཨེ་རེད། དེ་ལྟ་ན། ཧྥ་ཤིས་སིའི་ན་ཙིས་ལྗེའུ་མི་རིགས་རྩ་མེད་གཏོང་བའི་སྡེབ་གསོད་བྱ་འགུལ་ལ་ཡང་ང་ཚོས་ “ན་ལྗེའུ་གནད་དོན་”ཡང་ན་“ན་ལྗེའུ་འགལ་ཟླ”ཞེས་འབོད་དགོས་སམ།
དུས་རིང་ནང་། རྒྱ་མི་མང་གཙོ་ཤོག་ཁས་ག་དུས་ཡིན་ནའང་ལངས་ཕྱོགས་འདི་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་སྟེ། བོད་ལ་མི་རིགས་ཀྱི་གཉའ་གནོན་མེད། གཅིག་ཡོད་པ་ནི་གུང་ཁྲན་ཏང་སྲིད་དབང་གི་གཉའ་གནོན་རེད། དེ་ལྟ་བུའི་གཉའ་གནོན་དེ་ནི་བོད་རིགས་དང་རྒྱ་རིགས་གཉིས་ཀར་གཅིག་མཚུངས་ཡོད་པ་རེད་ཟེར། འདི་ལྟ་བུའི་ཁོང་ཚོའི་མཁྲེགས་འཛིན་ཅན་དང་། ལབ་ས་ཤོད་ས་མེད་པར་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་འདིས། “བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད།”ཟེར་བའི་གཞུང་ཕྱོགས་སྐད་ཆ་དེར་མང་གཙོའི་གདོང་ཁེབས་གཡོགས་ནས་བསྐྱར་བརྗོད་བྱེད་བཞིན་པ་བསྟན་ཡོད། དོན་དམ་དུ་གནད་འདི་འདྲས་བོད་མི་དམངས་ཀྱི་ལོ་རྒྱུས་དང་རྩ་བའི་སྒང་ནས་འགལ་བ་སོང་བ་མཐོང་ཡོད། དེས་ན། བོད་མི་ཚོའི་སེམས་ནང་བསུབ་ཐབས་མེད་པའི་བློ་ཕམ་ཞིག་ནི། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་མིའི་ལངས་ཕྱོགས་ལ་སྣང་བ་ཧ་ལམ་གཏོང་གི་མེད་པ་དེ་རེད། ཁོང་ཚོའི་བསམ་པར། ཅི་སྟེ་མང་གཙོའི་མིང་ཅན་གྱི་བཙན་ས་བཟུང་ཕྱིན། བཙན་རྒྱལ་བའི་བསམ་བློ་ཅན་གྱི་རྒྱ་ནག་ཆེན་པོའི་འདུ་ཤེས་འདིས་བོད་མིར་སླར་ཡང་བཙན་གནོན་བྱ་ཆོག་བསམ་པ་ལྟར་སྣང་། །
2012-11-1 ལྷ་ས་རུ་བྲིས།