མང་པོ་ཡོད་ན་བསམ་པའི་སྨན་པ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༠ ཕྱི་ལོ་ ༢༠༡༢/༡༠/༣༡
ཉེ་བའི་ཆར་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དྷ་རམ་ས་ལར་འཚོགས་པ་དང། དེ་ནི་དུས་རབས་བརྒྱད་པའི་ནང་བསམ་ཡས་སུ་འཚོགས་པ་དེའི་ཐེངས་གཉིས་པའི་ཚུལ་དུ་འཚོགས་པ་ཞིག་ཡིན་འདུག བོད་ཀྱི་རིག་གནས་ཀྱི་ནང་ནས་ཆ་ལག་ཚང་ཤོས་ཀྱི་གྲས་ནས་གསོ་བ་རིག་པ་འདི་ཉིད་ཀྱང་གཅིག་ཡིན་ལ།
དེའི་ཐོག་ནས་གཞུང་ལུགས་དང་ལག་ལེན། རྒྱུན་འཛིན་དར་ཁྱབ་སོགས་ཀྱི་ཐོག་ནས་ཀྱང་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། སྤྱི་ཡོངས་བོད་ཀྱི་གསོ་བ་རིག་པ་ནི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན་གཞན་ཕན་ཁོ་ན་གཞི་རྩར་བཟུང་བ་ཞིག་ཡིན་ལ། ལག་ལེན་གྱི་ཐོག་ནས་བཤད་ཀྱང་ད་བར་དེ་ལྟར་གནས་ཡོད་པར་ངོས་འཛིན་བྱེད་མི་ཆོག་པ་མེད་སྙམ།
སྤྱིར་ད་ལྟའི་དུས་འདིར་སྨན་བཅོས་ལག་རྩལ་དང་བྱང་ཚད་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཐོག་ནས་ཡར་རྒྱས་ཧ་ཅང་ཆེན་པོ་སོང་ཡོད་པ་དང། མིའི་ལུས་ཀྱི་དོན་སྣོད་དང་དབང་པོ་རྣམས་བརྗེ་སྤོར་བྱེད་པའི་ནུས་པའང་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱེད་བཞིན་ཡོད། དེར་བརྟེན་མིའི་རྣམ་དཔྱོད་དང་ཤེས་ཡོན་གྱི་གནས་ཚད་དུས་རབས་རིམ་བརྒྱུད་བཞིན་ཉམས་མྱོང་དང། ལག་རྩལ་རིམ་གསོག་གིས་དར་བའི་རྩེ་མོར་སོན་ཡོད་པ་ལྟ་བུ་རེད། དེར་བརྟེན་ད་ལྟའི་དུས་འདིར་དཔལ་འབྱོར་ལོངས་སྤྱོད་ཡོད་མཁན་ཞིག་ཡིན་ན། དུས་མིན་འཆི་རྐྱེན་གྱི་ཉེན་ཁ་ལ་འཇིགས་སྣང་གཏན་ནས་མི་དགོས་པ་ལྟ་བུའི་ཚོད་དུ་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད་པ་ལྟ་བུ་རེད།
འོན་ཀྱང་དེང་དུས་ཀྱི་བཤད་རྒྱུན་ཞིག་ནི་“མང་པོ་ཡོད་ན་བསམ་པའི་སྨན་པ་དང། ཉུང་ཉུང་ཞིག་ལས་མེད་ན་བསམ་པའི་དགེ་རྒན”ཞེས་པ་དེ་རེད། དེ་ནི་ད་ལྟའི་དུས་རབས་ཀྱི་མིའི་བསམ་བློའི་སྤུས་ཚད་དང། ལྷག་བསམ། སྤྱི་ཚོགས་ལ་བཅངས་པའི་འདུ་ཤེས་ཀྱི་སྤྱི་བསྡོམས་ཤིག་ཏུ་གྱུར་ཡོད་ཅེས་ཀྱང་བརྗོད་ཆོག དེའི་དོན་ནི་དེང་དུས་ཀྱི་སྨན་པ་ཚོ་ལ་མཚོན་ན་དུས་རྒྱུན་མང་པོ་ཡོད་དགོས་པ་དེ་ནད་པ་ཡིན་པ་དང། ཉིན་ལྟར་ནད་པ་མང་པོ་ཡོད་ན་དེ་མཚུངས་ཀྱི་སྨན་པ་ལ་ཡོང་འབབ་ཀྱང་མང་བས་རེད། དགེ་རྒན་གྱིས་ཉུང་ན་བསམ་པ་དེ་འཛིན་གྲྭའི་ནང་སློབ་ཕྲུག་ག་ཚོད་ཉུང་ན་དེའི་ཚོད་ཀྱིས་དཀའ་ལས་ཉུང་བ་དང། ཡོང་འབབ་ལ་དམིགས་བསལ་འཕར་ཆག་མེད་པས་རེད་ཅེས་བརྗོད་མཁན་ཡོད།
དགེ་རྒན་དང་སྨན་པ་ཆ་ཚང་དེ་འདྲ་ཞིག་གཏན་ནས་མིན་ཡང། དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བཤད་ན་མང་པོ་ཞིག་དེ་ལྟ་བུ་ཡིན་པའང་གསལ་པོ་རེད། ད་ལན་སྐབས་སུ་བབ་པ་སྨན་པའི་ཐོག་ནས་བཤད་ན་སྨན་ཡོན་ཆེན་པོ་ཞིག་སྤྲོད་རྒྱུ་མེད་ན་སྨན་བཅོས་བྱེད་ཐབས་མེད་པ་དང། སྨན་བཅོས་བྱེད་པའི་སྐབས་ཀྱང་ན་ཚ་གཅིག་ལ་ཕན་ན་གཞན་ཞིག་ལ་གནོད་པ་ལྟ་བུའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བཞིན་ཡོད། དེར་བརྟེན་སྨན་ཁང་དུ་ནད་པ་མང་པོ་རྒྱུན་མི་ཆད་པར་ཡོང་བའི་ཐབས་ཤེས་ཀྱི་ཆེད་དུ་ཡིན་འདུག་པ་དང། ཕྱི་ལུགས་སམ་དེང་དུས་ཀྱི་སྨན་བཅོས་ཐོག་ནས་ཡོང་འབབ་གཙོ་བོར་འཛིན་གྱི་ཡོད་པ་སྨན་ཁང་ཆེ་ཁག་གང་དུ་སོང་ཡང་ཚོར་སྣང་དེ་འགོག་མེད་དུ་འཆར་ཡོང།
བོད་ཀྱི་གསོ་བ་རིག་པའི་ལག་ལེན་ཐོག་ནས་དེང་སྐབས་སྨན་རྫས་ཁྲོམ་ར་རུ་བྲིན་པའི་ཆེད་དུ་འབད་བརྩོན་མང་བ་བྱེད་པ་ལས། སྨན་བཅོས་ལག་ལེན་གྱི་ཐོག་ནས་དེ་ཙམ་ཞིབ་ཚགས་པོ་ཡོང་ཐུབ་མིན་ཐོག་ལ་དགོངས་ཚུལ་ཡོད་མཁན་ཀྱང་ཡོད་པ་རེད། སྤྱི་ཡོངས་ནས་བཤད་ན་དུས་རབས་ཉེར་གཅིག་པའི་ནང་དུ་བོད་ཀྱི་གསོ་བ་རིག་པ་རྒྱུན་རིང་དུ་གནས་དགོས་ན་སྨན་རྫས་ཁྲོམ་ར་ཅན་དུ་བསྒྱུར་དགོས་པ་དང། སྤྱི་ཚོགས་ཀྱི་བསམ་བློ་དང་ཁོར་ཡུག་ལ་བརྟེན་ལག་རྩལ་ཡར་རྒྱས་དང་ཡོང་འབབ་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་མ་ཐུབ་ན། རིམ་པས་རིན་ཐང་ཆེ་བའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་པ་རྩ་སྟོངས་སུ་འགྲོ་རྒྱུའི་ཉེན་ཁ་ཡང་མེད་པ་གཏན་ནས་མིན།
དཔེར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕྱི་ལུགས་ཀྱི་སྨན་པ་དཀོན་པའི་དཀའ་ངལ་དེ་ཆེན་པོ་ཡིན་ཡང། སྨན་པའི་སློབ་སྦྱོང་ཐོན་མཁན་མེད་པའང་གཏན་ནས་མིན། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་གླ་ཡོད་ལས་རིགས་ཡོངས་རྫོགས་ཀྱི་ནང་ནས་སྨན་པ་ཕོགས་འབབ་ཆེ་ཤོས་ཡིན་ཡང། ད་དུང་སྤྱི་ཚོགས་གཞན་དང་བསྡུར་ན་ཡོང་འབབ་ཉུང་བས། བོད་པའི་སྨན་ཁང་ཁག་ཏུ་ལས་ཀ་བྱེད་མཁན་དཀོན་པོར་གྱུར་སོང་བ་རེད། དེར་བརྟེན་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལ་བརྟེན་ནས་ཡོང་འབབ་ཀྱི་ཐོག་ལ་བསམ་བློ་མ་བཏང་ན། དཀའ་ངལ་འདི་ལྟ་བུ་ངེས་པར་དུ་འཕྲད་ངེས་ཡིན་པས། དཔལ་འབྱོར་ཁོ་ནར་དམིགས་པ་ཞིག་མིན་ནའང། གཞན་ཕན་གྱི་བསམ་བློ་མ་དོར་བའི་ཐོག་ནས་དཔལ་འབྱོར་ཡོང་འབབ་ལའང་བསམ་བློ་གཏོང་དགོས་པ་ཞིག་རེད།
བོད་ཀྱི་གསོ་བ་རིག་པ་ནི་སྨན་སྦྱོར་གྱི་ཐོག་ནས་ནུས་པ་ཐོན་ཐུབ་པ་ཞིག་ཡིན་པ་མ་ཟད། སྨན་སྒྲུབ་དང་བྱིན་རླབས་ཀྱི་ཐོག་ནས་ཀྱང་ནུས་པ་ཐོན་ཐུབ་པའི་མན་ངག་ཁྱད་པར་ཅན་ཡོད་པས། དེ་དག་བརླགས་ནས་ཁྲོམ་རའི་དགོས་མཁོ་དང་དཔལ་འབྱོར་འདུ་འགོད་ཁོ་ནར་དམིགས་ན། བོད་ཀྱི་གསོ་བ་རིག་པའི་ཉིང་བཅུད་ངོ་མ་དེ་རྩ་བརླགས་སུ་སོང་བ་རེད། སྤྱི་ཡོངས་ནས་བོད་ཀྱི་གསོ་རིག་རྒྱུན་འཛིན་སྨན་པ་རྣམས་ཀྱིས་བརྗེད་མི་རུང་བ་ཞིག་ནི། བོད་ཀྱི་སྨན་རྩིས་ཁང་ལོ་༥༠ འཁོར་བའི་མཛད་སྒོའི་སྐབས་༧གོང་ས་མཆོག་གིས་སྔོན་མ་སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་སོགས་ཀྱི་སྐབས་དང། དེང་དུས་ཀྱི་སྨན་རྩིས་ཁང་གི་སྨན་པ་རྣམས་མཚུངས་བསྡུར་གྱིས་ཀུན་སྤྱོད་དང་འབྲེལ་བའི་བཀའ་སློབ་ཅིག་གནང་ཡོད་པ་དེ་ལ་དགོངས་པ་བཞེས་དགོས་པ་ཧ་ཅང་གལ་ཆེ་སྙམ།།