ཆོས་བརྡ་གསལ་བསྒྲགས།

རིག་གཞུང་གཅིག་དང། ལུགས་སྲོལ་གཅིག། ཡུལ་དུས་ལས་སྨོན་ཚོགས་ཀྱིས་ཉེ་བར་སྦྲེལ་ཞིང་། ཡིད་ལ་བརྣག་པའི་འདོད་དོན་སྨོན་པ་ཡང་མི་ཕྱེད་གཉིས་སུ་དབྱེ་བར་མི་རུང་བའི་རང་རིགས་སེར་སྐྱ་སྐྱེ་རྒུ་ཡོད་དོ་ཅོག་གི་སྙན་ལམ་དུ་ཆེད་ཞུ།

རང་ཅག་ས་སྟེང་འགྲོ་བ་ཡོངས་ཀྱི་མཉེས་གཤིན་མ་འདྲིས་བྱམས་བརྩེའི་མཛའ་བཤེས་འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་མཆོག་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་འདི་ཟླའི་ཟླ་མཇུག་ཏུ་མོན་གྷོ་ས་གནས་གཞིས་ཆགས་སུ་ཆིབས་བསྒྱུར་བཀྲིན་གྱིས་དགའ་འབྲས་ཆོས་སྡེ་སོ་སོར་ལམ་རིམ་གསུང་ཆོས་དགྱེས་བརྩེས་བསྩལ་གཏན་འཁེལ་བར་བརྟེན། རྒྱ་ཆེན་ཚོགས་སྡུད་ཀྱི་རླབས་ཆེན་ལས་ལམ་ལ་ཐོགས་མེད་འཇུག་པ་དགེ་བའི་ཉེར་བསྡོགས་སྔོན་ཆོག་ཏུ།

འདི་ག་གནས་ཡུལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་ནས་༸མགོན་པོ་གང་ཉིད་རབ་དང་གཙོ་བོར་གྱུར་པའི་རིས་སུ་མ་མཆིས་པའི་རྒྱལ་བསྟན་རྩ་ལག་འཛིན་པ་སྤེལ་ཞིང་སྐྱོང་བའི་མི་འཇིགས་སེང་གེའི་གང་རྒྱངས་ཆེས་ཆེར་བླ་ན་སྒྲོག་པའི་མཐུ་སྟོབས་མངའ་བདག་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཤིང་། རླབས་ཆེན་དོན་གྱི་བརྗིད་པའི་བཞེད་རྒུ་མ་ལུས་ཡོངས་སུ་འགྲུབ་པ་དང་།  ཆབས་གཅིག་རྒྱལ་བསྟན་ཆབ་སྲིད་ཀྱི་རིང་ལུགས་དང་། མི་རིགས་ཆགས་འཇིག་གི་རྩ་དོན་རླབས་པོ་ཆེ་སྲུང་ཞིང་སྐྱོབ་པའི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བཟོད་དཀའ་མེ་ལྷའི་ཞལ་དུ་བསྟབས་པའི་རྒྱལ་གཅེས་ཕུལ་བྱུང་གི་དཔའ་བོ་ཕོ་མོ་རྣམས་ཀྱི་གཙོས། ལ་རྒྱ་ལྷག་བསམ་གྱི་འཇུག་པ་བླ་ན་བརྟན་ཅིང་བརྗིད་པའི་འཇིགས་བྲལ་ཞུམ་པ་མེད་པའི་བསྟན་སྲིད་དཔའ་བོ་རྣམས་ཀྱི་ཐུགས་དགོངས་རྒྱ་ཆེན་མྱུར་དུ་འགྲུབ་པ་དང་། སྐབས་ཐོབ་ཞི་བ་སྨན་མཆོག་བདུད་རྩི་ཆོས་ཀྱི་སྐལ་བར་སྤྱོད་ལ་རིངས་བའི་འབྲེལ་ཐོབ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཐག་རིང་འགྲུལ་བཞུད་ཀྱིས་ཆོས་ཞུ་བ་སོགས་ཟབ་དོན་དམ་ཆོས་དོན་གཉེར་སེར་སྐྱ་ཡོངས་ཀྱི་མི་འདོད་པའི་འཕྲལ་རྐྱེན་འདི་སྣང་ཉེར་འཚེ་ཀུན་ཏུ་ཞི་ཞིང་འདོད་དོན་ལེགས་ཚོགས་ལམ་དུ་ལྷོང་བ་སོགས་དགོས་འབྲེལ་རབ་ཀྱིས་བསྙད་པའི་དོན་རྩ་འདི་དག་གི་ཆེད།

འདི་ཟླའི་ཕྱི་ཚེས་༡༠ ནས་༡༢ བར་ཉིན་གྲངས་གསུམ་གྱི་རིང་ཤར་བྱང་གྲྭ་ཚང་གཉིས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་འདོན་བཟང་བ་བཅས་ལྷན་བཞུགས་དགེ་འདུན་ཞལ་གྲངས་བཞི་བརྒྱར་ཉེ་བ་ཞིག་ནས་སྙིགས་དུས་མགོན་སྐྱབས་མཐུ་སྟོབས་འཕྲིན་ལས་ཀྱི་འཇུག་པ་ཆེས་ཆེར་རྣོ་མྱུར་རྩལ་གྱིས་རྫོགས་པའི་སྙན་པ་རབ་ཏུ་ལྡིར་བ་བསྟན་སྲུང་དམ་ཅན་ཆོས་ཀྱི་རྒྱལ་པོའི་གཏོར་སྒྲུབ་རྒྱས་ཚོགས་ཞིག་སྒྲུབ་རྒྱུ་དང་།

ཉིན་མཐའ་མ་སྟེ་ཕྱི་ཚེས་༡༢ ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་དུ་སྒྲུབ་པ་གཏོར་རྒྱག་དངོས་སུ་འཕེན་རྒྱུ་ལགས་ན་རྒྱལ་བསྟན་ཆབ་འབངས་གཅིག་དང་། ཤ་ཁྲག་རྒྱུ་བ་གཅིག་པའི་ཆེས་ཉེའི་རང་རིགས་སྤུན་ཟླ་གང་ན་སུ་བཞུགས་རྣམས་ཀྱིས་དུས་འདི་ཉིད་དུ་ལྷན་ཅིག་པར་ཐུགས་སྨོན་སྐྱབས་འཇུག་རེ་གནང་ཐུབ་ཚེ་སྤྱི་མཐུན་ལས་དབང་དང་འབྲེལ་བའི་སྣོད་བཅུད་ཀྱི་ཆགས་ཆེ་མང་པོ་ཞིག་ཐུན་མོང་ལྷན་ཅིག་ཏུ་བསྡོམས་པའི་རླབས་ཆེན་རྒྱུ་ཚོགས་ཀྱིས་བསྡུས་པའི་དད་དམ་གཡོ་བ་མེད་པའི་ལྷག་པའི་བསམ་པ་དང་སྨོན་གནས་གཅིག་ཏུ་སྤུངས་པའི་བྱེད་ལས་དང་དམ་དུ་འབྲེལ་ཞིང་གཅིག་ཏུ་ཕན་པར་འབྱུང་བ་རྒྱུ་འབྲས་བརྟན་གཡོའི་གཤིས་ཀྱི་ཁྱད་ཆོས་སུ་གྲུབ་པའི་གཞེན་སྐུལ་གསལ་འདེབས་སུ། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་ནས།
ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡ ལ།།