ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་གི་གསལ་བསྒྲགས།

༄༅། །རང་གི་རིགས་ལ་ཞེན་པ་དཀར་བའི་མཚུངས་མེད་གང་གི་གསེར་སྙན་རིན་པོ་ཆེའི་དྲུང་དུ།

ངེད་ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་གི་ཁེ་གཉེར་བ་ཟུང་གིས་ཞུ་གསོལ་འདེབས་སྙིང་།

དགོངས་མངའ་བཞིན་གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཕྱི་ནང་སྦྱིན་བདག་མང་པོ་ཞིག་ཐུགས་རྗེ་ལས་ད་ལྟའི་བཙན་བྱོལ་ནང་གི་ཚོགས་སྒེར་ཁག་གི་དཔལ་འབྱོར་གནས་སྟངས་འགྲིག་ཙམ་ཡོད་པ་མཁྱེན་ཆུབ་ལགས་ཀྱང་། སྤྱིར་༸གོང་ས་མཆོག་གིས་རང་འགན་རང་སྒྲུབ་ཀྱི་བཀའ་སློབ་དང་། ད་ལྟའི་བཀའ་ཤག་གིས་རང་མགོ་རང་ཐོན་གྱི་སྲིད་ཇུས་དགོངས་དོན་བཞིན། བོད་ནས་གསར་དུ་འབྱོར་ཞིང་བོད་ཁྱིམ་དང་ས་རཱ་མཐོ་སློབ་ཀྱི་སློབ་ཟུར་ཡིན་པ་གུས་མིང་ཡེ་ཤེས་དང་པདྨ་རྡོ་རྗེ་ཟུང་གིས། གཅིག་ནས་རང་གི་འཚོ་བ་གཞན་ལ་བརྟེན་མི་དགོས་པ་དང། གཉིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་བྱ་རིག་གནས་ལེན་སའི་དེབ་རིགས་སྣ་ཚོགས་དཔེ་སྐྲུན་བྱེད་སའི་དཔར་ཁང་ཚད་ལྡན་ཞིག་མེད་པ་དེའི་སྟོང་ཆ་གསབ་ཆེད་དང་། བོད་མི་གང་འཚམས་ཤིག་ལས་ཞུགས་ཐུབ་པའི་བསམ་པས། ཉེན་ཁ་དང་བདག་ཉིད་ལ་བརྙས་པའི་ལེ་ལོ་ཡོངས་སུ་དོར་ཏེ། བློ་ཁོག་བསྐྱེད་ནས་ཚད་ལྡན་གྱི་དཔེ་རིགས་སྣ་ཚོགས་དཔེ་སྐྲུན་བྱེད་སའི་ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་ཞེས་པ་ཞིག་གཉེར་ཡོད།
ཞུ་གསོལ་འདེབས་སྙིང་། གུས་གཉིས་ཀྱིས་ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་གཉེར་བ་ནས་བཟུང་། རང་གི་རིགས་ལ་ཞེན་པ་དཀར་བའི་བོད་མི་མང་པོ་ཞིག་གིས། བོད་མི་ནང་ཁུལ་རང་གཞན་གཉིས་ཕན་གྱི་དགོངས་པས། ཕྱག་དེབ་དང་མང་པོ་ཞིག་དཔར་བསྐྲུན་གནང་བར་ཕེབས་བྱུང་བ་རྣམས་ཀྱིས། དཔར་ཟིན་པའི་དཔེ་དེབ་ཀྱི་རྣམ་པ་དང་རྒྱུ་ཆ་ལ་ཐུགས་མགུ་བའི་གདེངས་འཇོག་གང་ལེགས་གནང་བྱུང་། དེར་བརྟེན། གཞུང་སྒེར་ཚོགས་གསུམ་མི་སྒེར་དང་བཅས་པའི་རང་རིགས་རྣམས་ཀྱིས། བོད་མི་ན་གཞོན་གཉིས་ཀྱིས་དཀའ་ངལ་དང་ཉེན་ཁ་འཛེམས་མེད་ཀྱིས་གཉེར་བའི་དཔེ་སྐྲུན་ཁང་འདི། གུས་གཉིས་ཀྱི་འཚོ་བའི་གནད་དོན་ཙམ་མ་ཟད་བོད་མིའི་སྤྱི་ཚོགས་ཁྲོད་དུ་རང་འགན་རང་སྒྲུབ་དང་གཞན་བརྟེན་གྱི་བསམ་པ་དོར་བའི་མིག་ལྟོས་བཟང་པོ་ཞིག་ཡིན་པ་མཁྱེན་གཟིགས་ཐོག རྒྱབ་སྐྱོར་གྱི་བསམ་པ་མཚོན་ཕྱིར་དངུལ་དངོས་ཀྱི་ཞལ་འདེབས་གནང་མི་དགོས་པར། གཞུང་སྒེར་ཚོགས་གསུམ་མི་སྒེར་དང་བཅས་པ་སུ་ལ་དཔར་བསྐྲུན་གནང་རྒྱུ་ཡོད་ཚེ། འདི་ནས་དཔར་ཟིན་པའི་དེབ་ཀྱི་སྤུས་ཚད་ལ་གཟིགས་ཏེ། གོང་ཚད་རན་པ་འདུག་དགོངས་ན། ངེས་པར་དུ་ངེད་པར་སྐྲུན་ཁང་ལ་གནང་སྐྱོང་ཡོང་བ་མཁྱཻན།།
ས་རཱ་བོད་ཀྱི་པར་སྐྲུན་ཁང་གིས།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན།