ནོར་གླིང་དུ་སྨོན་ལམ་མཆོད་འབུལ།

ཉེ་ཆར་བོད་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དག་གི་ཆེད་དུ་། སྒྲོལ་མ་གླིང་དང་། ནོར་བུ་གླིང་ཁ། སྙིང་སྟོབས་གླིང། འཆི་མེད་དགའ་ཚལ་གླིང་བཅས་ཀྱི་སེར་སྐྱ་མི་མང་༤༥༠ ལྷག་འཛོམས་ནས་སྨོན་ལམ་མཆོད་འབུལ་རྒྱ་ཆེ་བ་ཞིག་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ཉིན་གྱི་དགོང་མོ་དྷ་ས་ནོར་གླིང་འཆི་མེད་དགའ་ཚལ་གླིང་དགོན་པར། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཉེ་ཆར་བོད་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དག་གི་ཆེད་དུ་། སྒྲོལ་མ་གླིང་དང་། ནོར་བུ་གླིང་ཁ། སྙིང་སྟོབས་གླིང། འཆི་མེད་དགའ་ཚལ་གླིང་བཅས་ཀྱི་སེར་སྐྱ་མི་མང་༤༥༠ ལྷག་འཛོམས་ནས་སྨོན་ལམ་མཆོད་འབུལ་རྒྱ་ཆེ་བ་ཞིག་གནང་སོང་།
སྨོན་ལམ་གསུང་གྲུབ་རྗེས་ནོར་གླིང་བོད་རིག་སྤྱི་འཐུས་ཚོགས་པའི་ཚོགས་གཞོན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གཏམ་བཤད་གནང་དོན། དེ་ཡང་ཚེས་༧ ཉིན་ཨ་མདོ་རེབ་གོང་མདོ་བ་སྒྲོ་རོང་པོ་སྡེ་པའི་སྒྲོ་ཚང་ཚོ་བ་ནས་ཡིན་པ་རྟ་མགྲིན་མཚོ་དང་། མདོ་སྨད་རྔ་པ་སྔོ་ཤུལ་རྒོན་གྱི་གྲྭ་རྡོ་རྗེ་དང་། བསམ་འགྲུབ། རྡོ་རྗེ་སྐྱབས་བཅས་ཀྱི་རང་ལུས་མེར་སྲེག་བྱས་ནས་གྲྭ་རྡོ་རྗེ་དང་རྟ་འགྲིན་མཚོ་གཉིས་སྐུ་གྲོངས་ཡོད་པ་རེད་ཅེས་དང། དེ་བཞིན་ ཁམས་འབྲི་རུ་རྫོང་པད་དཀར་ཤང་གི་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག་ཀྱང་། ས་གནས་སུ་རྒྱ་གཞུང་གིས་དམ་དྲག་གི་རྐྱེན་པས་ཁོང་གི་སྐོར་གནས་ཚུལ་ཁ་གསལ་རག་གི་མེད་པ་རེད་ཅེས་གསུངས་སོང་།

དེ་རིང་ཚེས་༨ ཉིན་རེབ་གོང་སྒྲོལ་མ་ཐང་ཆེན་དུ་སྐལ་བཟང་སྦྱིན་པས་རང་སྲེག་གནང་ནས་གྲོངས་ཡོད་སྐོར་སོགས་བརྗོད་སོང་། དེ་བཞིན་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་གིས། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གསུང་བཤད་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་སྨོན་ལམ་མཆོད་འབུལ་གྲོལ་སོང་།།