མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་སྲེག་གི་ངོ་རྒོལ།

22597_373866102700428_1897792843_nཟླ་འདིའི་ཕྱི་ཚེས་ ༡༠ ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་། ཨ་མཆོག་ཀླུ་ཤོད་སྐེད་སྡེ་པ་ནས་ཡིན་པ་མགོན་པོ་ཚེ་རིང་གིས་མི་རིགས་ལ་རང་དབང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ནང་ཆུ་ཚོད་ ༢ དང་སྐར་མ་ ༢༠ ཙམ་ལ་ར་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་མགོན་པོ་ཚེ་རིང་ནི་བོད་མདོ་སྨད་བསང་ཆུ་རྫོང་། ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་པ་ནས་ཡིན་པ་དང་། རང་ལོ་ ༡༩ ཡིན་འདུག ཁོང་གིས་ཀླུ་ཤོད་ཁུང་རུ་ཐང་ངམ་བཤད་སྒྲུབ་བསྟན་དར་གླིང་དགོན་པ་ནས་རང་ལུས་མེར་སྲེག་བཏང་སྟེ། “མི་རིགས་ལ་རང་དབང་དགོས། སྐད་ཡིག་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས་” ཞེས་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཕྱོགས་སོ་སོ་ནས་དགེ་འདུན་པ་མང་པོ་བསླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ནའང་། སྐུ་གྲོངས་པར་བརྟེན། ཕུང་པོ་སྐེད་སྡེ་བར་གདན་འདྲེན་ཞུས་ཏེ་དགེ་འདུན་པས་བསྔོ་སྨོན་གསུངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་གི་ཕའི་མིང་ལ་བཀྲ་ཤིས་བསོད་ནམས་དང་ལོ་ ༤༢ ཡིན་འདུག  མའི་མིང་ལ་སྙིང་ལོ་ཟེར་གྱི་ཡོད་པ་དང་། ཁོང་ལོ་ ༣ ཡིན་དུས་མ་ཚེ་ལས་འདས་པས། དེ་རྗེས་ད་ལྟ་རང་ལོ་ ༤༠ སོན་པའི་མ་ཡུལ་མགོན་པོ་སྐྱིད་ཀྱིས་གཉོར་སྐྱོང་འོག་ནར་སོན་པ་ཞིག་ཡིན་འདུག  རྒྱལ་གཅེས་དཔའ་བོ་ཁོང་གིས་  ༢༠༡༡ འབྲུག་མོ་ཕྱུག་དང་གཉེན་སྒྲིག་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ཕྱི་ཚེས་ ༩ ཉིན་གྱི་དགོང་མོ་ཕ་མ་དང་གཉེན་ཉེ་བཅས་མཉམ་དུ་བསྡད་ཡོད་པ་དང་། སྐབས་དེར་ཁོང་ཧ་ཅང་ཁུ་སིམ་པོ་དང་བག་ལྷོད་དུ་སྡོད་པ་ཙམ་ལས་དམིགས་བསལ་གྱི་རྣམ་འགྱུར་གང་ཡང་མངོན་མི་འདུག  ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ དང་སྐར་མ་ ༣༠ ཙམ་ལ་དགོན་པར་མཇལ་བར་འགྲོ་རྒྱུ་ཡིན་ཚུལ་བརྗོད་དེ།  སྦག་སྦག་ཞོན་ནས་སྐེད་སྡེ་པའི་རང་ཁྱིམ་དང་ཁ་བྲལ་ཏེ། སྤྱི་ལེ་ ༡༥ མཚམས་སུ་ཡོད་པའི་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་དུ་ཕྱིན་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༢ སྐར་མ་ ༢༠ ཙམ་ལ་དེ་གར་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་རང་ལོ་༡༡ ནས་སློབ་གྲྭར་ཞུགས་སྟེ། འབྲིང་རིམ་འཛིན་གྲྭ་གཉིས་པ་བར་སློབ་སྦྱོང་བྱས་པ་དང་། དུས་རྒྱུན་དུ་རྩེ་དགའ་ཆེ་ཞིང་ཡ་རབས་ཀྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་གྲྭའི་རྩེད་རིགས་སོགས་རིག་རྩལ་གྱི་ཁྲོད་དུའང་ཐེངས་དུ་མར་ཞུགས་མྱོང་ཡོད་འདུག  རྗེས་སུ་སློབ་གྲྭར་མུ་མཐུད་དུ་འགྲོ་ཐུབ་མེད་ཀྱང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རང་སྡེ་བའི་ནང་ནས་སློབ་གསོ་དང་འབྲེལ་བའི་ཁ་ཤགས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱས་ཏེ་མི་མང་སེམས་འགུལ་ཐེབས་བཅུག་ཡོད་འདུག།