བྱང་ཨ་རིའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།
ཨ་རིའི་སེཎ་ཧྥརེ་ཎ་སི་སྐོ་གྲོང་ཁྱེར་དུ་དེར་གནས་སྡོད་བོད་མི་༥༠༠ སྐོར་ཞིག་གིས་བོད་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཏེ། འབོད་ཚིག་སྒྲོག་བཞིན་དུ་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་སོང་།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་ཆེད། འདི་ལོར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ནས་བདེན་པའི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་ཡོད་པ་ལྟར། ལས་འགུལ་དེ་བཞིན་བྱང་ཨ་རིའི་གླིང་ཕྲན་གྱི་གྲོང་ཁྱེར་༢༡ ནང་བསྐོར་ནས། ཟླ་འདིའི་ཚེས་༡༠ ཉིན་ཨ་རའི་ སེཎ་ཧྥ་རེཎ་སི་སྐོ་གྲོང་ཁྱེར་དུ་༡༩༤༥ ལོར་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་གནང་ཡུལ་ UN Plaza བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ལྷག་པར་དུ་རིཅ་མོཎྜ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་རྣམ་རྒྱལ། གཞན་ཡང་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་བཅས་ཀྱིས་བདེན་པའི་མེ་ལྕེ་བསྣམས་ཏེ་རྒྱ་ནག་གཞུང་ཚབ་བར་དུ་ཆུ་ཚོད་ཁ་ཤས་རིང་གོམ་བགྲོད་སྐད་འབོད་སྣེ་ཁྲིད་གནང་སྟེ། མཐར་ཁུལ་དེ་ནས་གྲོང་ཁྱེར་དེར་ཉིན་གང་ལས་འགུལ་སྤེལ་ཏེ། བྱང་ཨ་རིའི་ནང་གི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་དེ་མཇུག་བསྒྲིལ་ཡོད་པ་རེད།
ལས་འགུལ་དེའི་སྐོར་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱིས་གསུངས་ན། འདི་ནི་བོད་ནང་དུ་ཛ་དྲག་ཆེ་བའི་གནས་ཚུལ་རྣམས་འཛམ་གླིང་ཁྱོན་དུ་བསྒྲགས་རྒྱུ་དང༌། རྒྱལ་ཚོགས་ངོས་ནས་དེ་སྔ་བཞག་པའི་གྲོས་ཆོད་ཁག་ལ་ལག་ལེན་དོན་འཁྱོལ་ཡོང་བ་དང༌། བོད་ནང་དུ་དངོས་ཐོག་བདེན་འཚོལ་གྱི་ཆེད་དུ་སྐུ་ཚབ་གཏོང་དགོས་པ། དེ་བཞིན་བོད་ནང་གི་བོད་མིའི་མངོན་འདོད་ངོ་མ་དེ་སྒྲུབ་ཐབས་སུ་དམིགས་བསལ་འགན་ཁུལ་བཞེས་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་ཅེས་གསུངས་སོང༌།
དེ་དང་ཆབས་ཅིག་བྱང་ཀེལ་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་བཀྲིས་གྱིས་གསུངས་ན། བོད་ནང་གི་བོད་མི་ཚོས་ག་རེ་གནང་བ་དེ་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུའི་ཐད་ཕྱི་སྡོད་བོད་མི་ང་ཚོས་གང་ཐུབ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ད་ཐེངས་ཀྱི་ལས་འགུལ་དེ་དབུ་འཛུགས་གནང་བའི་ཐོག་མར་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ནས་བོད་ནང་གི་བོད་མི་དཔའ་བོ་ཕོ་མོ་འདས་སོན་རྣམས་ཀྱི་ཆེད་དུ་སྨོན་ལམ་གསུངས་ཤིང༌། དེའི་ནང་དུ་འཇིའུ་དང༌། ཧིན་དྷུ། ནང་པའི་སྐུ་ཚབ་བཅས་ཀྱི་ཆོས་པ་འདྲ་མིན་ནས་ཕེབས་ཞུགས་གནང་བ་མ་ཟད། མཛད་རིམ་གྱི་དབར་ན་ལྕགས་ཟམ་པ་རོལ་དབྱངས་ཚོགས་པ་དང་ས་གནས་བོད་མི་སྒྱུ་རྩལ་བ་རྣམས་ཀྱིས་བོད་མི་དཔའ་བོ་ཚོར་ཆེ་བསྟོད་ཀྱི་གླུ་གཞས་དང་རང་བཙན་གཞོན་ནུ་སོགས་བླང་བ་མ་ཟད། མཐའ་མའི་ལས་འགུལ་དེ་བཞིན་ཧྥེ་རི་པླཛ་ཞེས་པའི་མེས་པོ་དམ་པ་གྷན་དྷིའི་འདྲ་བརྙན་ ཞིག་གི་སྐུ་མདུན་དུ་བོད་རྒྱལ་ཁབ་ཆེན་པོ་དང་ཨ་རིའི་རྒྱལ་གླུ་བླང་ཞིང༌། དེ་ནས་ལྷ་མོའི་མགྲིན་དབྱངས་བླང་སྟེ་ལས་འགུལ་དེ་རེ་ཞིག་མཇུག་བསྒྲིལ་གནང་སོང།
དེ་རིང་གི་ལས་འགུལ་དེའི་ཐོག་ལ་ཨ་རིའི་མང་གཙོ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལྕམ་ ནེན་སི་པེ་ལོ་སི་སོགས་ཀྱིས་གསུང་འཕྲིན་གནང་ཡོད་པ་རེད།
བྱང་ཀེལ་བོད་རིགས་ཚོགས་པའི་བདེན་པའི་མེ་ལྕེའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཆེད་འཛུགས་གསར་འགྱུར་མཁོ་གཏོང་བ་བཀྲིས་དབང་ཕྱུག་གིས་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེ་ནས་ཕུལ༎
