མོན་གྷོ་རུ་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ།

news_from_ mundgod_b3ཟླ་འདིའི་ཚེས་༡༢ ཉིན་གྱི་དགོང་དྲོ་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་ལས་ཁང་ཐུན་མོང་གི་གོ་སྒྲིག་འོག བོད་ནང་ཕྱི་ལོ་༢༠༠༩ ནས་ད་ལྟའི་བར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཐོག་ཕྱོགས་གཞུག་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་ས་གནས་འགོ་འཛིན་དང་།  རང་བདེན་ཚོགས་གཙོ། ས་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་གཙོས་ས་འཐུས་རྣམ་པ་དང་།  གཞིས་གྲོང་ཁག་གི་སྤྱི་མི་བཅས་མོན་གྷོ་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་དང་། གདན་ས་ཆེན་པོ་དགའ་འབྲས་ཀྱི་གྲྭ་མང་ཡོངས་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམ་པ། གཞིས་གྲོང་ཁག་དགུའི་མི་མང་བཅས་མི་གྲངས་༧༠༠༠ བདུན་སྟོང་མ་ཟིན་ཙམ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག

news_from_mundgod_a3དེར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་འགྲེལ་བའི་གསུང་བཤད་གནང་སྐབས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་དང་བདེ་སྐྱིད་བཅས་ཀྱི་ཆེད་དུ།   ཁོང་རྣམ་པས་སྐུ་སྲོག་བློ་བཏང་ནས་སྐུ་ལུས་ཞུགས་འབུལ་གནང་མཁན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་གི་ཡོད་པ་རེད།  ལྷག་པར་དུ་རྒྱ་ནག་དམར་གཞུང་གིས་སྐབས་༡༨ པའི་མི་དམངས་འཐུས་མི་ཚོགས་ཆེན་འཚོག་བཞིན་པའི་སྐབས་དང་བསྟུན་ནས་བོད་རྒྱལ་གཅེས་དཔའ་བོ་ཕོ་མོ་མི་གྲངས་༧ ཙམ་གྱི་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་གནང་ཡོད་པ་རེད། གནས་སྟངས་དེ་དག་ལ་ཁ་ཐུག་བལྟས་པ་ཡིན་ན། བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་བློ་ཕམ་རང་བཞིན་གྱི་གནང་སྟངས་ཤིག་དང་།  ང་རང་ཚོའི་མི་རིགས་འདི་འཆི་གསོན་གྱི་སོ་མཚམས་སུ་སླེབས་བསྡད་ཡོད་པ་ཞིག་རེད།  ཉག་ཕྲ་བའི་དུས་སྐབས་འདིར་གཞིས་ལུས་སྤུན་ཟླ་དཔའ་བོ་ཕོ་མོ་མིག་མཐོང་ལག་ཟིན་བྱུང་བ་གྲངས་༧༢ ཙམ་གྱིས་ང་རང་ཚོའི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་རེད།  འདི་ལྟ་བུའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ང་རང་ཚོ་རང་དབང་ལུང་པར་འཚོ་སྡོད་བྱས་ཡོད་མཁན་ཚོའི་ག་རེ་བྱེད་དགོས་མིན་སོ་སོ་རང་ཉིད་ལ་དྲི་བ་གཏོང་དགོས་པ་ཞིག་རེད། ང་ཚོའི་རྒྱལ་ཁབ་གཉན་འཕྲང་དང་ཛ་དྲགས་ཀྱི་དུས་སྐབས་ཤིག་ལ་སྐྱེས་པའི་བོད་མི་ཞིག་ཡིན་པའི་ཆ་ནས་རང་བཞིན་གྱི་ང་ཚོ་ལ་ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲི་ཞིག་ཡོད་པ་རེད། འགན་འཁྲི་དེ་མི་རེ་ངོ་རེ་ནས་ཤེས་དགོས་པ་གལ་ཆེན་པོ་རེད་དྲན་གྱི་ཡོད།  ལྷག་པར་དུ་དབུས་ས་གཉིས་ལས་ཀྱི་སྣེ་མོ་བ་ཚོའི་སེམས་ནང་ཚོར་བ་དམིགས་བསལ་བ་ཞིག་ཡོད་དགོས་པ་རེད་ལ། ཟླ་ཕོག་རག་པ་ཙམ་དང་དུས་ཚོད་གང་འཁྱོལ་བྱས་ནས་བསྡད་པ་ཡིན་ན། གཤེགས་ཟིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཚོ་དང་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་ཚོ་ལ་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་ལ། དེ་ལྟ་བུའི་ཕྱག་ལས་དང་བསམ་བློ་ཁུར་ནས་དུས་ཚོད་གང་འཁྱོལ་བྱས་པ་ཡིན་ན་ལོ་རྒྱུས་ཀྱི་ཉེས་ཅན་པ་འམ་ནག་ཉེས་ཅན་གྱི་མི་ཆགས་མི་སྲོད་པ་མ་རེད་ཅེས་སོགས་གསུངས་སོང་།

news_from_ mundgod_b3

དེ་རྗེས་སུ་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་མཚན་གྱིས་ལས་འགུལ་དང་འབྲེལ་པའི་སྐོར་ལ་གསུང་བཤད་གནང་དོན། བོད་ནང་ཉིན་རེ་ནས་ཉིན་རེ་བཞིན་རྒྱལ་ཁབ་དང་མི་རིགས་སམ་བོད་མི་ས་ཡ་དྲུག་གི་རང་དབང་དང་འདྲ་མཉམ་ཐོབ་ཐང་བཅས་ཀྱི་ཆེད་དུ་རང་ལུས་ཞུགས་འབུལ་གནང་བཞིན་ཡོད་པ་དེ་ལ་ང་ཚོའི་ངོས་ནས་རང་ནུས་གང་ཡོད་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་བསྔོ་སྨོན་དང་མར་མེ་ཁྲོམ་སྐོར་གྱི་མཚོན་པའི་ལས་འགུལ་སྣ་མང་སྤེལ་ན་མ་འགྲིག་པ་མེད་པའི་ཟོ་འདྲ་ཞིག་ཆགས་ཡོད་པ་རེད།  ཡིན་ན་ཡང་ཆེས་ཉུང་ཉུང་དང་དཀོན་པོ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད།   དེ་ཡང་བཙན་བྱོལ་བོད་གཞུང་གི་དམིགས་ཡུལ་དང་ལངས་ཕྱོགས་ཀྱི་རྒྱ་ལས་མ་བརྒལ་བ་ཞིག་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་དབུས་དང་ས་གནས་ས་ཐོག་ནས་ཡིན་ན་ཡང་འདྲ་ནུས་པའི་བབ་དང་བསྟུན་ནས་ལས་འགུལ་གང་ཞིག་སྤེལ་ན་མ་འགྲིག་པ་ཨེ་ཡོད་དྲན་གྱི་འདུག་ལ།  སྐབས་དང་དུས་སུ་གང་ནུས་པའི་ལས་འགུལ་ངེས་པར་དུ་སྤེལ་དགོས་པ་གལ་ཆེན་དུ་བརྩི་ཡི་ཡོད་ཅེས་དང་།   གཞན་ཡང་ཉེ་བའི་ཆར་དགོན་པ་གྲྭ་ཚང་ཟེར་ན་འདྲ་དགེ་ལུགས་སྤྱིའི་སྒྲིག་གཞི་ཟེར་ན་འདྲ།  གང་ལྟར་གཞུང་འབྲེལ་གྱི་ཆབ་སྲིད་དང་རིག་གཞུང་གི་ལས་འགུལ་མ་ཡིན་པ། གཞུང་འབྲེལ་མ་ཡིན་པ་ཚོའི་ལས་འགུལ་ནང་སློབ་གཉེར་བ་ཚོ་མཉམ་ཞུགས་བྱེད་ཆོག་གི་མ་རེད་ཅེས་ལབ་ཡོད་པ་རེད། དེའི་ཐོག་གླེང་སློང་ཡང་གང་མཚམས་འགྲོ་བཞིན་ཡོད་པ་རེད། ཡིན་ན་རྩ་བའི་གཞུང་འབྲེལ་ལས་འགུལ་ཆ་ཚང་ནང་ཕེབས་བསྡད་ཡོད་རེད།    ཕེབས་དགོས་པ་ཞིག་ཀྱང་རེད། སྤྱིར་བཏང་ཉི་མ་རྟག་པར་ལས་འགུལ་ནང་མཉམ་ཞུགས་བྱེད་མ་ཐུབ་པ་ཡིན་ན་ཡང་དེ་མ་ཡིན་པའི་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་མང་དག་ཞིག་སྤེལ་གྱི་ཡོད་པ་རེད་ལ། དཔེ་མཚོན་ཙམ་ཞུས་ན།  ཉིན་དེ་རིང་ནས་བཟུང་མི་ཤེས་རྨོངས་པའི་དབང་དུ་སོང་ན་མ་གཏོགས།  ༧གོང་ས་མཆོག་གི་བཀའ་དགོངས་གལ་མེད་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་དམ་བཅའ་བཞག་པ་ཡིན་ན།  རླབས་ཆེ་ཤོས་ཀྱི་ལས་འགུལ་ཞིག་རེད་དྲན་གྱི་ཡོད།  དེ་མ་ཡིན་པའི་ལྷག་དཀར་སྲུང་བརྩིའི་མཚོན་རང་ཉིད་དང་ཐག་ཉེ་ས་ན་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་རེད་ལ།  དེ་ཚོ་ལག་ལེན་བསྟར་བ་ཡིན་ན་དེ་ག་རིང་འགྲིག་པ་རེད་དྲན་གྱི་ཡོད་ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགད་པས།