༄༅།།རླུང་ཚུབ་ཁྲོད་ཀྱི་རི་གྲོང་ཆུང་ཆུང་།

འུར་སྒྲ་དང་བཅས་པའི་འཇིག་རྟེན་གྱི་རླུང་ཚུབ་ནག་པོ་དེ་ཡ་ང་བའི་རི་གྲོང་ཆུང་ཆུང་དེར་ཚུབ་དུས་།

རི་གྲོང་དུ་གནས་པའི་གཅན་གཅུང་ཚོས་།       ནམ་ཡང་ཞུམ་པ་མེད་པར་རླུང་ཚུབ་དང་ཐེལ་རྡུལ་གྱི་ཁྲོད་ནས་རང་ཉིད་ཀྱི་རི་གྲོང་ཆུང་ཆུང་གང་ཐུབ་ཀྱིས་བསྐྱངས་།

དགའ་དུས་ཀི་སྒྲ་དང་སྡུག་དུ་ངུ་སྒྲ་སོགས་རིམ་གྱིས་སྒྲོག་ཞོར་དུ་།    ཁྱེད་ཚོས་ཐག་རིང་གི་དཀོན་མཆོག་དེ་ལ་གསོལ་བ་དང་སྨོན་ལམ་རྒྱུན་ཆད་མེད་པར་བཏབ་།

ད་དུང་རྒྱང་རིང་རྒྱང་རིང་དུ་སོང་བའི་ཕུ་ནུ་མིང་སྲིན་ཚོར་།  གདུང་དབྱངས་དང་འགྲོགས་ཏེ་སྙིང་གཏམ་གང་མང་ཞིག་བཤད་པ་ངས་ཀྱང་ཐོས་།

ངས་མགོ་བོ་སྔས་ལ་བཞག་ཏེ་ངེས་ཚང་གི་རི་གྲོང་ཆུང་ཆུང་དེའི་ལས་དབང་ལ་སྐྱར་དྲན་བྱེད་བཞིན་མིག་ཟུང་ཀྱི་མཆི་མ་དལ་གྱིས་ཐུར་དུ་ཞུར་།

དུས་མཐའི་རླུང་ཚུབ་ནག་པོས་ཡང་ང་པའི་རི་གྲོང་ཆུང་ཆུང་དེ་ཐེལ་བའི་རྡུལ་དུ་བརླག་ཀྱང་།

ད་དུང་ཡང་ཞུམ་པ་མེད་པར་ཉག་མ་རེ་གཉིས་ཀྱིས་མགོ་བོ་དགུང་དུ་འདིག་བཞིན་ཀི་སྒྲ་དང་ངུ་སྒྲ་གང་མང་ཞིག་བསྒྲགས་།

སྐལ་པའི་མེ་ལྕེ་ཡི་ཁྲོད་དུ་ལག་གཉིས་མཐེལ་མོར་སྦྱར་ནས་རི་གྲོང་ཆུང་ཆུང་དེའི་མངའ་བདག་དང་།       ཐག་རིང་དུ་གནས་པའི་ཕུ་ནུ་མིང་སྲིང་ཚོར་གསོལ་བ་དང་རེ་འབོད་བྱེད་བཞིན་རྒྱང་རིང་དུ་བཞུད་འགྲོ་མཁན་ཡང་གང་མང་ཆེས་།

དེ་ལྟར་ཉིན་རེ་བཞིན་འཇིག་འགྲོ་བའི་རི་གྲོང་ཆུང་ཆུང་དང་ཕུ་ནུ་མིང་སྲིང་གི་ཚེ་སྲོག་ལ་ལྟ་དུས་།     ང་ངོ་མ་གསོན་ན་མི་འདོད་།

འཇམ་ཐེང་ཐེང་གི་གཞན་ཡུལ་དུ་གནས་པའི་ཕུ་ནུ་མིང་སྲིང་ཚོས་། ཁྱེད་ཚོ་དང་ལྷན་དུ་ངུ་འབོད་རེ་བྱེད་པ་ལས་འཇིགས་སྐྱོབས་ཀྱི་ནུས་པ་ཞིག་སུ་ལ་ཡང་མ་ཆེས་།

གསོལ་བ་ཁྲི་ཕྲག་དང་སྨོན་ལམ་འབུམ་ཕྲག་འདེབ་ཡུལ་དཀོན་མཆོག་གིས་ཀྱང་།

ཁྱེད་ཚོ་དང་ལྷན་དུ་དཀོན་མཆོག་གཞན་ཞིག་ལ་གསོལ་བ་དང་སྨོན་ལམ་འདེབ་པ་ལས་ཅི་ཡང་མ་ནུས་པར་ལུས་།

མི་ལོ་འདི་དག་གི་ནང་དུ་། ངེས་ཚང་གི་རི་གྲོང་ཆུང་ཆུང་དེར་མཚོན་ན་།   རང་དབང་།  དམངས་གཙོ་།       འདྲ་མཉམ་།  འདི་དག་ནི་རྣ་བའི་རོ་བཅུད་ཙམ་ལས་ཅི་ཡང་མ་གྲུབ་།

ལེགས་པར་བསམ་ན་།     འཇམ་ཐེང་ཐེང་གི་གཞན་ཡུལ་དུ་གནས་པའི་ཕུ་ནུ་མིང་སྲིང་དང་དཀོན་མཆོག་ཡོད་ཚད་།

གསོལ་བ་ཁྲི་ཕྲག་དང་སྨོན་ལམ་འབུམ་ཕྲག་གི་ཀློང་ཡངས་སུ་བདེ་བར་གཟིམས་འདུག་ལ་།     ད་དུང་ཡང་ཕུ་ནུ་གང་མང་ཞིག་གིས་རི་གྲོང་གཞན་ཞིག་ན་ཡོངས་སུ་ཞེན་ནས་།   རང་ཉིད་ཀྱི་ཕུ་ནུ་མིང་སྲིང་དང་རི་གྲོང་ཆུང་ཆུང་དེ་གཏན་ནས་མི་དྲན་པ་ཡང་ཆེས་སོ་།། །།

སྟག་ཚང་རིག་རྒོད་ཀྱིས་སྤྱི་ལོ་༢༠༡༢ཟླ་བ་༡༡ཚེས་གཉིས་ཉིན་བྲིས་་པའོ།།