༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་།

dalailama_2012_11_15༧གོང་ས་མཆོག་གིས་ཐེངས་འདིའི་ཉི་ཧོང་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཟླ་འདིའི་ཚེས་༡༥ ཉིན་གྱི་ཞོགས་པར་བདེ་ལེགས་ངང་བཞུགས་སྒར་དྷ་སར་ཞབས་སོར་འཁོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་ནས་མགོ་བརྩམས་ཏེ་ཉིན་བཅུ་ལྷག་གི་རིང་༧གོང་ས་མཆོག་གིས་ཐེངས་འདིའི་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོའི་གཙོས་ས་གནས་ཁག་ཅིག་གི་མཛད་འཕྲིན་ལེགས་པར་གྲུབ་པ་དང་། དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠པའི་སྟེང་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་མཚམས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གཙོས་ཕྱག་རོགས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕེབས་བསུར་བཅར་ཏེ་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

dalailama1_2012_11_15ཐེངས་འདིར་༧གོང་ས་མཆོག་ཉི་ཧོང་གི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ། འགྲོ་བ་མིའི་རིན་ཐང་དང་ཀུན་ཁྱབ་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་མ་ཟད།   ཉི་ཧོང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་༡༥༠ བརྒལ་བས་ཀྱང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་༢༠ནས་མགོ་བརྩམས་ཏེ་ཉིན་གཉིས་ཀྱི་རིང་༧གོང་ས་མཆོག་གིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་རིགས་ཆོས་ཞུ་བ་ཚོར་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།