རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་ཞེས་པའི་ཚོགས་འདུ།
“གལ་གནད་བརྩི་ཕྱོགས་ཀྱི་གོ་རིམ་འཛོལ་མེད་དང་། ལྷག་པར་སྒེར་གྱི་འཁོན་རྩོད་སྤྱི་པའི་ཆིག་སྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བ་གནང་དགོས་ཞེས”། ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ལམ་སྟོན་གནང་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། བློ་བཟང་ཆོས་འབྱོར་གྱི་གོ་སྒྲིག་འོག མེག་གྷན་དྷ་སའི་གསོལ་མགྲོན་ཁང་དུ་རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་ཞེས་པའི་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཞེས་པ་ཞིག་འཚོགས་སོང་ལ། དེར་མི་གྲངས་༢༠ ཙམ་འཛོམས་ཡོད་པ་རེད།
ཚོགས་ཆེན་གྱི་མཛད་སྒོའི་ཐོག་ཚོགས་ཆེན་གོ་སྒྲིག་པ་བློ་བཟང་ཆོས་འབྱོར་གྱིས་ཚོགས་ཆེན་ངོ་སྤྲོད་ཀྱི་གཏམ་བཤད་གནང་སྐབས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་བཙན་བྱོལ་ནང་གི་ན་གཞོན་ཤེས་ཡོན་པ་ཚོས་ཚོགས་ཆེན་འདི་འདྲ་ཞིག་བསྐོང་དགོས་པ་དུས་ལ་བབ་ཡོད་སྐོར་དང་། དེ་རིང་ནས་སང་ཉིན་ཉིན་གུང་བར་ང་ཚོས་རང་སྲེག་ཐད་སོ་སོའི་ལྟ་ཚུལ་གཅིག་ཏུ་སྤུངས་ཏེ་དེའི་རྒྱབ་ལྗོངས་བྱུང་རྐྱེན་དང་། རང་སྲེག་ངོས་འཛིན། མ་འོངས་བྱེད་ཕྱོགས་ཐད་རྣམ་གྲངས་མང་པོའི་ཐོག་རྣམ་དཔྱོད་རྩལ་དུ་འདོན་རྒྱུ་ཡིན་སྐོར། དེ་བཞིན་ཚོགས་འདུར་བརྒྱུད་ལམ་འདྲ་མིན་དང་ཕྱི་ནང་གི་མི་སྣ་མང་པོས་དོ་སྣང་དམིགས་བསལ་བྱས་ཡོད་པས་སྐད་ཆའི་ཁུངས་ལུང་དང་། རིག་པ་རྒྱུ་མཚན་འདྲེན་ཕྱོགས་སོགས་ཀྱི་ཐད་ལ་གཟབ་གཟབ་བྱ་དགོས་སྐོར་སོགས་བརྗོད་སོིང་།
དེ་རྗེས་ཐེངས་འདིའི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དོན་ཚན་༨ ཅན་གྱི་གསུང་འཕྲིན་ཞིག་བསྩལ་བ་སྒྲོགས་སྦྱང་བྱས་པ་དེའི་ནང་འཁོད་དོན། དང་པོ། བོད་མིའི་ཆབ་སྲིད་ཀྱི་ཕུགས་དམིགས་ག་འདྲ་ཞིག་བཟུང་རུང་། དེའི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀའི་ནང་བོད་མིའི་ངོ་བོ་དང་ཁྱད་ཆོས། ཐུན་མུན་རིག་གཞུང་དང་ལེགས་བྱང་བཅས་ངེས་པར་དུ་ཚུད་དགོས་པའི་འདུ་ཤེས་དང་སེམས་ཚོར་མ་བརླགས་པ་དགོས་རྒྱུ་དང་། གཉིས་པ། དེའི་སླད་རང་དོན་གཞན་གཅེས། རང་སྐད་རང་སྤྱོད་། རང་ཆས་རང་གྱོན་གྱི་ཀུན་སྤྱོད་རང་གིས་བཟུང་སྟེ་གཞན་ལ་ཡང་སྐུལ་འདེབས་ཐུབ་པ་གནང་རྒྱུ། གསུམ་པ། བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་ཁག་ལ་དོ་སྣང་དང་གསན་བསམ། འབྲི་རྩོམ། བགྲོ་གླེང་སོགས་ཤེས་ཡོན་གྱི་བྱ་བར་རྒྱུན་འགྲུས། བཞི་པ། བོད་མིའི་ཤེས་ཡོན་ལམ་སྲོལ་དང་སྤྱི་ཚོགས་ཀྱི་གནས་བབ། བཟང་སྤྱོད་དང་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ལ་ཐུགས་སྣང་དང་། མཉམ་ཞུགས། དགོངས་ཚུལ་ལམ་སྟོན་གནང་རྒྱུ་བཅས་ཀྱི་གོམས་གཤིས་གོང་མཐོར་སྤེལ་ཐབས། ལྔ་པ། བོད་མི་རིགས་སྤྱི་དང་། ནང་གསེས་སྡེ་ཚན་ཆེ་ཆུང་ཁག་གི་ནང་ཆིག་སྒྲིལ་དང་གོང་བུའི་ནུས་པ་གོང་མཐོར་སྤེལ་བའི་ཐབས་ལ་སྒོ་ཀུན་ནས་བརྩོན་དགོས་པས། གལ་གནད་བརྩི་ཕྱོགས་ཀྱི་གོ་རིམ་འཛོལ་མེད་དང་། ཕུགས་དམིགས་དང་ཐབས་ལམ་ལ་ལྟ་གྲུབ་འདྲ་མིན་སྣང་ཡང་ཡོད་པ་རྣམས་ཆིག་སྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བར་མཐུན་རྐྱེན་དུ་འགྲོ་ཐབས་སུ་༧གོང་ས་མཆོག་གིས་རྟོན་བཞིའི་བླང་དོར་འཛོལ་མེད་དགོས་པའི་བཀའ་སློབ་སྙིང་བཅངས་ཀྱིས་ཕྱག་ལེན་དུ་འཁེལ་ཐབས་དང་། ལྷག་པར་སྒེར་གྱི་འཁོན་རྩོད་སྤྱི་པའི་ཆིག་སྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བ་གནང་དགོས།
དྲུག་པ། གོ་སྐབས་དང་ཉེན་ཁའི་དུས་ཚོད་ནམ་བྱུང་ཐོག་ངོས་འཛིན་ཐུབ་པ་གནང་སྟེ་བེད་སྤྱོད་དང་ཉེན་སྲུང་དུས་ལས་མ་ཡོལ་བ་གནང་ཐབས། བདུན་པ། གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་། ཆོད་སེམས། བློས་གཏོང་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་ཆིག་སྒྲིལ། སྐབས་བསྟུན་དྲིལ་བསྒྲགས་དང་འོས་འཚམས་ཀྱི་འཚེ་མེད་བདེན་པའི་ལས་འགུལ་སྤེལ་ཐབས་ལ་རྣམ་དཔྱོད་རྩལ་སྤྲུགས།
བརྒྱད་པ། ལྷག་པར་ཚོགས་ཐེངས་འདིའི་བརྗོད་གཞི་རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་ཞེས་པ་འདིའི་ཐད་རྒྱལ་སྤྱིའི་བྱུང་རབས་ནང་། སྔར་མ་གྲགས་པའི་བོད་རིགས་ན་གཞོན་སེར་སྐྱ་ཧ་ཅང་མང་པོས་གཞན་ལ་འཚེ་བ་མེད་པར་རང་གི་གཅེས་པའི་ལུས་སྲོག་མི་རིགས་ཀྱི་རྩ་དོན་སླད། དྭང་བླངས་དགའ་སྤྲོའི་ངང་བློས་གཏོང་གནང་མཁན་དེ་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། ཆོད་སེམས། བློས་བཏང་། ངལ་བ་དང་ལེན་བཅས་ཀྱི་གནས་ཚད་ང་ཚོའི་བསམ་སྤྱོད་གཉིས་ཀའི་ཡུལ་ལས་འདས་པ་ཞིག་ཡིན་པ་དེ་ངོས་འཛིན་དང་འབྲེལ། ཁོང་ཚོའི་བློས་གཏོང་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལམ་ཇི་ཡོད་དང་། དེ་འདྲའི་རླབས་ཆེན་གྱི་མཛད་སྤྱོད་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས། ཁོང་ཚོའི་རེ་འདུན་བསྒྲུབ་ཐབས་ཇི་ཡོད་སྐོར་ཟབ་ཡངས་དཀྱེལ་ཆེའི་རྣམ་དཔྱོད་ཀྱི་ལམ་ནས་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་བྱོས། བྱེས་འབྱོར་བོད་རིགས་ཡོངས་ལ་ལམ་སྟོན་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་མཐོང་ཞིང་། ད་རེས་གོ་སྐབས་འདིའི་ཐོག་བསྐྲུན་པའི་ན་གཞོན་ཤེས་ཡོན་ཅན་གྱི་གླེང་སྟེགས་འདི་ཡར་རྒྱས་དང་རྒྱུན་གནས་ཀྱི་ལམ་ནས་བོད་དང་བོད་མིའི་གལ་ཆེའི་གནད་དོན་ཡོངས་རྫོགས་ཀྱི་ཐོག ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་དཔེ་སྟོན་དང་མདུན་བསྐྱོད་གནང་རྒྱུ་བཅས་རེད།
མཐར་ཤེས་རབ་ཚེ་རྡོར་རམ་ན་གཞོན་བོད་དོན་ལས་འགུལ་བ་མིག་དམར་གྱིས། བོད་མིའི་རྩ་དོན་ཆེད་རང་སྲེག་ལས་འགུལ་སྤེལ་སྐབས་ཀྱི་སེམས་ཚོར་ཚོགས་བཅར་བ་ཚོར་བརྗོད་སོང་།
ཚོགས་ཆེན་འདི་ཉིན་གཉིས་ཀྱི་རིང་འཚོག་སྟེ་རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱེད་རྒྱུ་རེད་འདུག །