རྒྱུ་དག་མེད་པའི་ང་།།

གངས་ཆུ་དང་མོའི་ཟུང་ཁྲག་དེ།། 

དུག་སྦྲང་ལྕགས་མཆུས་འཇིབ་ནས་སོང་།།

སྦྲང་དཀར་རྩམ་པའི་ཉིང་ཁུ་དེ །།

འཇོ་བག་ཅན་གྱིས་འཇིབ་ནས་ཐལ །།

 

ད་ལྟའི་ཟུང་ཁྲག་དམར་པོ་ནི།།

ས་འོག་འདམ་ཆུའི་དྲི་ངན་བྲོ།།

ད་ལྟའི་ལུས་ཀྱི་ཤ་རྒྱས་ལ།།

སྔོ་ཚལ་རིགས་ཀྱི་དུག་རྫས་ཁྱབ །།

 

གླད་པ་དཀར་པོའི་དཀྱིལ་འཁོར་རུ །།

གཡོ་བྱོས་ངན་པའི་འཁོར་ལོ་བསྐོར །།

དམར་ཆུང་སེམས་ཀྱི་རྡོ་རིང་ལ།།

ལ་རྒྱ་མེད་པའི་ཁྱི་གཟུགས་སྐྲུན །།

 

སྐྱོ་བྱུང་ཧ་ཅང་སྐྱོ་བྱུང་།།

བཙན་པོ་མི་ཡི་གདུང་ཞིག

ཁྱི་ལས་སྡུག་ཅིག་ཆགས་པར །།

བསམ་པའི་ཡུལ་ལ་མ་བྱུང་།།

 

སྤུན་ཟླའི་གཅེར་བའི་སྐུ་སྲོག

དམར་པོ་མེ་ལ་ཕུལ་ཡང་།།

རྒྱང་རིང་ས་མཐའི་ཡུལ་ནས།།

ཁྱི་སྐད་ཙམ་ཡང་མི་ཐུབ།།