འོད་ཟེར་ནས་ང་ཕོད་འཇིགས་མེད་སྐོར་གྱི་བསམ་འཆར།

སྒྱུར་མཁན། ནགས་ཤོད་སད་མི།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རོ་རཱ་པ་ཆེས་དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་བའི་ཡིག་འཕྲིན་སྐོར་གྱི་བསམ་ཚུལ།

ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་འགན་འཁྲི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ RFA ལ་ཡོད་པ་ལས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཡོད་པ་མ་རེད།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རོ་རཱ་པ་ཆེས་( Dana Rohrabacher)དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་བའི་ཡི་གེ་མཐོང་དུས། ང་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྐུ་ཞབས་ང་ཕོད་འཇིགས་མེད་གནས་དབྱུང་བཏང་བའི་གནས་ཚུལ་གོ་བ་ལྟར་ཡ་མཚན་སྐྱེས། མིག་སྔའི་ནང་འདི་སྐོར་གྱི་གནས་ཚུལ་ཁ་གསལ་རག་གི་མེད་པ་དང་། ལྷག་ཏུ་སྐད་ཡིག་གི་འགོག་རྐྱེན་ཡོད་དུས། གཅིག་བྱས་ན་གོ་བ་ལོག་པ་ཡོད་སྲིད། འོན་ཏེ་སོ་སོའི་མཐོང་ཐོས་ལྟར་རང་ཉིད་ཀྱི་ལྟ་ཚུལ་འདོན་རྒྱུའང་དགོས་ངེས་རེད་སྙམ།
1. སྐུ་ཞབས་ང་ཕོད་འཇིགས་མེད་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་དབྱུང་བཏང་བ་ལས། དབུས་བོད་མིའི་སྒྲིག་འཛུགས་ནས་གནས་དབྱུང་བཏང་བ་མ་རེད། དེའི་ཕྱིར། འཐུས་མི་རོ་རཱ་པ་ཆེས་དོན་རྐྱེན་འདིའི་རྩད་གཅོད་བྱེད་སྟངས་ལ་འགན་འཁུར་ཡོད་པ་བྱ་དགོས། ངས་བསམས་ན། སྐུ་ཉིད་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབང་འཛིན་ཚོར་ཁ་གཏད་བྱ་དགོས་པ་ལས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མ་རེད་སྙམ།

2. ངས་བསམས་ན། མི་སྒེར་པའམ་རྩ་འཛུགས་གང་རུང་གིས་བརྒྱུད་ལམ་ག་གེ་མོར་དགའ་པོ་ཡོད་པ་དང་མེད་པ་སོགས་བྱ་ཆོག་ལ། བབ་མཚུངས་ཀྱི་བསམ་འཆར་ཡང་འདོན་ཆོག བསམ་འཆར་ཙམ་བཏོན་པས་ས་མཚམས་བརྒལ་གྱི་མ་རེད།

3. གལ་ཆེ་ཤོས་ནི་བརྒྱུད་ལམ་རང་ཉིད་ཚང་རེད། ཕྱི་ཕྱོགས་རྣམ་འགྱུར་ལས་ནང་ཁུལ་གྱི་མི་སྣ་དང་གསར་འགྱུར་ནང་དོན་བཅས་ལ་འགྱུར་བ་གཏོང་མི་ཉན་ལ། གསར་འགྱུར་རང་དབང་ལ་མགོ་གནོན་བྱ་མི་རུང་། མ་གཞི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ཀྱི་ལས་དོན་ལ་གདུང་སེམས་མཉམ་བསྐྱེད་ཡིན་སྲིད་མོད། གསར་འགྱུར་རང་དབང་དང་མང་གཙོའི་རྨང་གཞིའི་རྩ་དོན་ལ་རྒྱབ་འགལ་བཟོ་མི་ཉན། དེ་ལྟར་བྱས་པས། དོན་དག་ངོ་མའི་ཐོག་བོད་ཀྱི་ལས་དོན་ལ་ཕོག་ཐུག་འགྲོ་གཞི་ལས་ཅི་གང་མེད།

4. དུས་རབས་ཕྱེད་བརྒལ་ནང་། བཙན་བྱོལ་བོད་གཞུང་གིས་མིག་མཐོང་ལག་ཟིན་གྱི་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། འཐུས་མི་རོ་རཱ་པ་ཆེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྐུ་ཞབས་ང་ཕོད་འཇིགས་ མེད་གནས་དབྱུང་བཏང་བའི་གནས་ཚུལ་འདིའི་སྐྱོན་མཚང་ལ་བརྟེན་ནས། བྱ་བ་ཐམས་ཅད་ལ་སྐྱོན་འགེབས་བྱ་མི་རུང་།

5. ངས་བསམས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་ཉིད་ཀྱང་མཐོར་འདེགས་གཏོང་དགོས་ལ། དོན་དམ་གྱི་ཆབ་སྲིད་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་དགོས། འདི་ལྟ་བུའི་དེང་རབས་ཅན་ནི་རྣམ་པ་ཙམ་གྱི་མང་གཙོ་མ་རེད། དེ་ནི་མང་གཙོའི་འདུ་ཤེས་དང་རྩ་དོན་སྒང་གི་དོན་དངོས་གོ་བ་དང་བརྩི་བཀུར་བྱེད་ སྟངས་ཞིག་རེད། ལྷག་ཏུ་ནང་དོན་སྣེ་མང་ཅན་དང་། སྐྱོན་བརྗོད་ལ་ངོས་ལེན་ཡོད་པ། དབང་འཛིན་པ་ནང་ཁུལ་ལ་ལྟ་སྐུལ་ཡོད་པ་བཅས་ནི་མང་གཙོའི་དོན་དམ་གྱི་བསླབ་བྱ་རེད་སྙམ།

6. འཐུས་མི་རོ་རཱ་པ་ཆེ་ནས་བོད་ཀྱི་གནད་དོན་ལ་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ་ཞུ། སྦྲགས་ཏེ། འཐུས་མི་རོ་རཱ་པ་ཆེ་ནས་བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱས་པ་དེའང་ཕྱིར་བསྡུ་བྱ་རོགས། གནད་དོན་འདི་ཇི་ལྟར་ཐག་གཅོད་མིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་རང་ཁོངས་ལས་མི་བརྒལ་བ་ཞུ།

ཚེ་རིང་འོད་ཟེར་ནས།
2012-11-21