སྦེལ་ཀོབ་བོད་མིའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།

belkob2_2012_11_23ཟླ་འདིའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་བཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག  ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།

དེ་ཡང་བོད་ནང་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་བོད་མི་དེ་དག་དང་། དེ་འབྲེལ་རྒྱ་ནག་གཞུང་གི་དྲག་གནོན་འོག་ཡོད་པའི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམས་ཀྱི་རེ་བ་དང་མངོན་འདོད་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

belkob3_2012_11_23ཉིན་དེའི་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ཟས་བཅད་ངོ་རྒོལ་འགོ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས། ས་གནས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་གཅིག་ལྕོག་བྱམས་པ་ཕུན་ཚོགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སཱ་རྡ་ཤི་བ་བྷ་དང་ཚོགས་མི་བཞི། གཞན་ཡང་ས་གནས་ཀྱི་དགོན་སྡེ་ཁག་ཀྱི་འཐུས་མི་དང་སྤྱི་མི་བརྒྱ་དཔོན། གཞོན་ནུ་བུད་མེད་གཉིས་ཀྱི་ཚོགས་མི་སོགས་མི་སེར་ ༣༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད། མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་རྒྱ་གར་མི་མང་གིས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་དང་མནར་གཅོད་གཏོང་བཞིན་པར་བློ་ཕམ་ཡོད་པ་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གཏམ་བཤད་གནང་ཡོད་པ་རེད།

ལས་འགུལ་སྐབས་ཀྱི་དགོས་འདུན་དོན་ཚན་བཞི་ཡོད་པའི་ནང་དོན་ནི་ ༡ བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཛ་དྲག་གིས་མཚམ་འཇོག་དགོས་པ་དང་། ༢ བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་རྟོགས་ཐབས་དང་བོད་མིའི་དཀའ་དང་སེལ་དགོས་པ། ༣ རྒྱལ་སྤྱིའི་རང་དབང་ཅན་གྱི་མི་སྣ་བོད་ནང་དུ་བཏང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱེད་དགོས་པ། ༤ བོད་ནང་གི་པན་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་བཅས་ཡིན་འདུག

ཟས་བཅད་ངོ་རྒོལ་ཉིན་དང་པོར་ས་གནས་གཞོན་ནུ་བུད་མེད་གཉིས་ཀྱི་ཚོགས་མི་བཅུ་དང་། གཞན་དངས་བླང་པ་བརྒྱད་བཅས་མཉམ་ཞུག་བྱས་ཡོད་པ་དང་། ཉིན་རེ་བཞིན་ས་གནས་བོད་མི་རྣམས་ཀྱིས་རེས་མོས་ཐོག་དུས་ཚོད་ངེས་མེད་ཀྱིས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་པ་རེད་ལ། ཟས་བཅད་ངོ་རྒོལ་སྐབས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་འདས་གྲོང་སོང་བའི་བོད་མི་དག་གི་ཆེད་དུ་སྔོ་སྨོན་དང་གསོལ་འདེབས། ༸རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་བྱེད་ཀྱི་ཡོད་པ་རེད།

ད་དུང་ཉིན་མོ་དེར་ས་གནས་ཀྱི་ཚོགས་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་པ་དང་། ཟས་བཅད་ངོ་རྒོལ་བ་ཁག་གི་སྡོད་གནས་ཉེ་འགྲམ་དང་ལམ་ཁ། ཚོང་ཁང་ཁག་གི་སྒོ་ཁར་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་དག་གི་འདྲ་པར་དང་ངོ་སྤྲོད་མདོར་བསྡུ་འཁོད་པའི་འཕྲེལ་དར། བོད་ཀྱི་རྒྱལ་དར་འཕྱར་ནས་བོད་ནང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཐབས་བྱས་ཡོད་པ་རེད།

belkob1_2012_11_23གཞན་ཡང་ཟླ་འདིའི་ཚེས་ ༢༢ ཉིན་སྦེལ་ཀོབ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་སྣེ་ཁྲིད་འོག་གོང་འཁོད་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་དོན་ཚན་བཞི་འཁོད་པའི་སྙན་ཞུ་ཞིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སང་གི་མཚན་ཐོག་བཅས་སུ་ཕུལ་ཏེ། དགོས་འདུན་དེ་དག་ངེས་པར་སྒྲུབ་དགོས་པར་སྐུལ་མ་གཏོང་ཆེད་རྒྱ་གར་ལྷོ་ཕྱོགས་མེ་སོར་རྫོང་ལས་ཁང་སྒོ་འགྲམ་དུ་མི་མང་ ༢༠༠ ཙམ་གྱིས་ཉིན་གཅིག་གི་རིང་ལ་ཟས་བཅད་ངོ་རྒོལ་ཞིག་ཀྱང་བྱས་ཡོད་པ་རེད།

མེ་སོར་གསར་འགོད་པས།