དྷ་སྟེང་བོད་ཁྱིམ་སློབ་མའི་བོད་དོན་ལས་འགུལ།

tcv_2012_11_24ཟླ་འདིའི་ཚེས་༢༤ ཉིན་གྱི་དགོང་མོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད་རྒྱབ་སྐྱོར་དགོས་པའི་དགོས་འདུན་ཁག་ཅིག་བཏོན་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་། དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ཚོགས་ཆུང་གི་གོ་སྒྲིག་འོག སློབ་མ་༥༠༠ བརྒལ་བས་སློབ་གྲྭའི་ལག་རྩེད་སྤོ་ལོའི་རྩེད་ཐང་ནས་འགོ་འཛུགས་ཀྱིས། ། ངག་བཅད་ཀྱི་ལམ་ནས་གོམ་བགྲོད་བྱས་ཏེ་མཐར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་ཡོང་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད་བོད་མིར་རྒྱབ་སྐྱོར་དགོས་པའི་དགོས་འདུན་ཁག་གསུམ་བཏོན་ཏེ། སློབ་གྲྭའི་རྒན་བདག་གིས་དགོས་འདུན་ཁག་མང་ཚོགས་ཁྲོད་སྒྲོགས་སྦྱང་གནང་སོང་། དེ་རྗེས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་པ་འདས་གསོན་ཡོངས་དང་། དེ་དག་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་སློབ་མ་ཚོས་བསྔོ་སྨོན་གྲུབ་རྗེས་སླར་ཡང་གོམ་བསྒྲོད་ཀྱིས་ཕྱིར་སློབ་གྲྭར་མཛོམས་ཏེ། དགོང་མོའི་ཆུ་ཚོད་༦ པའི་ཐོག་སློབ་གྲྭར་བསྔོ་སྨོན་འཚོགས་ཡོད་པ་རེད།

ཐེངས་འདིར་སློབ་མ་ཚོས་བཏོན་པའི་དགོས་འདུན་ཁག་གསུམ་ནི། དང་པོ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དེ་མཚམས་འཇོག་ངེས་པར་བྱ་དགོས།

གཉིས་པ། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་མཆོད་མེར་ཕུལ་བ་དེར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་དང་བཅས་པར་རང་དབང་མེད་པའི་རྟགས་མཚན་གྱིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྟོག་ཞིབ་ངེས་པར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

གསུམ་པ། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིགས་ཚད་མེད་བཏང་བ་དེས་འཛམ་གླིང་གི་རང་བྱུང་ཁོར་ཡུག་ལའང་རང་བཞིན་གྱིས་དོ་ཕོག་ཡོང་གི་ཡོད་པས། རྒྱལ་སྤྱིའི་ཁོར་ཡུག་ཚོགས་པ་གཙོས་མཉམ་འབྲེལ་རྒྱལ་ཚོགས་ནས་རྟོག་ཞིབ་ངེས་པར་གནང་དགོས་པའི་འབོད་སྐུལ་ལན་བརྒྱར་ཞུ་རྒྱུ་ཡིན།

s_norbu_ jordenལས་འགུལ་སྐབས་འདི་གའི་གསར་འགོད་པས་ལས་འགུལ་བའི་ཁྲོད་ཀྱི་སློབ་མ་ཁག་ཅིག་ལ། དེ་རིང་ཁྱེད་རང་ཚོས་གཟའ་སྤེན་པའི་གུང་གསེང་དང་བསྟུན་ཏེ་ལས་འདི་འདྲ་ཞིག་སྤེལ་དགོས་གང་ཡིན་ཞེས་དྲིས་པར། སློབ་མ་ནོར་བུ་འབྱོར་ལྡན་གྱིས་དེ་རིང་གི་ལས་འགུལ་འདི་སྤེལ་ཐུབ་པ་དགའ་པོ་བྱུང་། གང་ཡིན་ཟེར་ན་ད་ལྟའི་བར་བོང་ནང་ལ་རང་ལུས་མེར་སྲེག་གི་ལས་འགུལ་རྒྱུན་མ་ཆད་པར་ཡོང་གི་ཡོད་རེད། དེར་བརྟེན་བཙན་བྱོལ་ནང་གི་བོད་མི་ཚོས་གང་ཡང་བྱེད་མ་ཐུབ་པར་བསྡད་ན་འགྲིག་གི་མི་འདུག བོད་མི་ཚང་མས་ལས་འགུལ་སྤེལ་དགོས་ཀྱི་ཡོད་རེད། དེ་ཡང་ལས་འགུལ་གང་སྤེལ་བ་དེ་ཡང་ཚགས་ཚུད་པོ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་བྱུང་།

s_lobsan_yesheསློབ་མ་བློ་བཟང་ཡེ་ཤེས་ཀྱིས་དངོས་གནས་བྱས་ན་དེ་རིང་གཟའ་སྤེན་པ་རེད་གུང་གསེང་རེད། ཡིན་ན་ཡང་སློབ་གྲྭའི་རྒན་བདག་ཚོས་འགན་ཁུར་ནས་སློབ་མས་ལས་འགུལ་འདི་སྤེལ་བ་རེད། གང་ཡིན་ཟེར་ན། བོད་ནང་གི་གནས་སྟངས་ཛ་དྲག་ངང་ལྷག་ཡོད་རེད། དེར་བརྟེན་བོད་ནང་གི་སློབ་མ་ཚོ་ཡིན་ན་ཡང་སོ་སོའི་སྐད་ཡིག་དང་རིག་གཞུང་བདག་པོ་རྒྱག་ཆེད་ལས་འགུལ་སྤེལ་གྱི་ཡོད་རེད། གནས་ཚུལ་དེ་དག་ཤེས་པའི་ཐོག་ནས་མ་འོངས་པར་ང་ཚོ་བོད་ནང་ལ་ལོག་མ་ཐུབ་པར་ང་ཚོས་ལས་འགུལ་སྤེལ་དགོས་ཀྱི་ཡོད་རེད་ཅེས་བརྗོད་བྱུང་།

s_lobsang_yazomསློབ་མ་བློ་བཟང་དབྱངས་འཛོམས་ཀྱིས་རྕ་བས་སློབ་མ་ཚོའི་ལས་འགན་གཙོ་བོ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། ཡིན་ན་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁ་ཙམ་གྱིས་རྒྱབ་སྐྱོར་བྱེད་པ་ཙམ་ལས་དོན་དངོས་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་མ་རེད། དེར་བརྟེན་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མ་རེད། ལུས་མཆོད་མེར་ཕུལ་མཁན་གྱི་བོད་མི་གཞོན་སྐྱེས་མང་དུ་འགྲོ་གི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་སླད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་བརྗོད་བྱུང་།

s_tsering_tashiསློབ་མ་ཚེ་རིང་བཀྲ་ཤིས་ཀྱིས། བོད་ནང་ལ་རང་ལུས་མེར་གཏོང་མཁན་མང་དུ་འགྲོ་གི་ཡོད་རེད། དེར་བརྟེན་ང་ཚོ་སློབ་མ་ཚོའི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་གོ་མེད་ཚོར་མེད་དུ་མ་བཞག་པར། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཐོབ་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་བརྗོད་བྱུང་།

 

རྒན་བདག་བསྟན་འཛིན་དབྱངས་སྒྲོན་གྱིས་དངོས་གནས་བྱས་ན་ང་ཚོའི་ཡིག་ཚད་སླེབས་གྲབས་ཡོད། s_tenxin_yangdonདུས་ཚོད་དེ་གལ་ཆེན་པོ་རེད། ཡིན་ན་ཡང་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་མང་དུ་འགྲོ་གི་ཡོད་དུས། ང་ཚོས་སེམས་ཀྱིས་མ་བཟོད་ནས་ལས་འགུལ་འདི་སྤེལ་བ་ཡིན། དེ་ཡང་བོད་ནང་གི་གནས་སྟངས་དེ་དག་འཛམ་གླིང་གི་མི་ཚང་མས་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་དོན་ངོ་མར་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་རེད། དེར་བརྟེན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་ཡོང་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་བརྗོད་བྱུང་།

 

s_rinchen_wangyalརྒན་བདག་རིན་ཆེན་དབང་རྒྱལ་གྱིས་དེ་རིང་གི་གུང་གསེང་དང་བསྟུན་ཏེ་ལས་འགུལ་འདི་སྤེལ་དགོས་དོན་དེ། བོད་ནང་ལ་རང་ལུས་མེར་སྲེག་གཏོང་མཁན་༨༠ ལྷག་བྱུང་ཡོད་རེད། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད་བོད་མིར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།