རྩེ་ཁོག་རྫོང་རྡོ་དཀར་མོ་རུ་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༢༥ ཉིན་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྡོ་དཀར་མོ་ཞང་བར་སྐོར་སྡེ་བའི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

རྡོ་རྗེ་དབང་ཕྱུག་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཚེས་ ༢༥ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པ་ཙམ་ལ། མདོ་སྨད་རེབ་གོང་མགོན་ཤུལ་བར་སྐོར་ ནས་ཡིན་པ་བཙུན་མ་སངས་རྒྱས་སྒྲོལ་མ་ ༼རང་ལོ་ ༢༩༽ཞུ་བ་ཞིག་གིས། རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་ཡོད་འདུག

བཙུན་མ་སངས་རྒྱས་སྒྲོལ་མའི་ཕ་མིང་ལ་བསོད་ནམས་རྒྱལ་དང་། ཨ་མའི་མིང་ལ་དོ་བྷ་ཟེར་གྱི་ཡོད་འདུག

དེ་རིང་གནས་ཚུལ་འབྱོར་དོན་ལྟར་ན། མདང་ནུབ་ཕུང་པོ་ཞུགས་འབུལ་ཞུས་ཏེ། དེ་རིང་མགོན་ཤུལ་བཙུན་མའི་དགོན་པའི་ནང་རྗེས་འབྲེལ་སྨོན་ལམ་ཞུ་སྒོ་གཉེར་བཞིན་ཡོད་པ་དང་། བཙུན་དགོན་འདིར་ད་ཆ་བཙུན་མ་བརྒྱ་ཕྲག་གཅིག་བརྒལ་བ་ཡོད་འདུག

ཁ་སང་དེ་རིང་རེབ་གོང་རོང་འབྲོག་གང་སར་དྲ་རྒྱའི་བརྒྱུད་ལམ་བཅད་འདུག་ལ། དེ་བཞིན་ཁ་པར་དང་དྲ་ལམ་ནས་འབྲེལ་བ་བྱེད་མཁན་ཚོ་འབྲེལ་ཡོད་ཉེན་རྟོག་པ་དང་བདེ་འཇགས་མི་སྣ་ཟེར་བ་ཚོས་རྩད་གཅོད་བྱེད་ཀྱིན་ཡོད་པ་དང་། གཞན་ཡང་། ཁུལ་སྲིད་གཞུང་དང་རྫོང་གི་སྲིད་གཞུང་། ཞང་སྲིད་གཞུང་བཅས་ཀྱིས་ལས་དོན་བྱེད་མཁན་མང་པོ་གཞི་རིམ་མང་ཚོགས་ཁྲོད་མངགས་ནས། མེར་བསྲེགས་ལས་འགུལ་མུ་མཐུད་སྤེལ་མི་ཆོག་པ་དང་། སྤེལ་མཁན་དང་དེའི་ནང་མིར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་གཉེར་མི་ཆོག་པ་སོགས་ཀྱིས་བཙན་བཀའ་མུ་མཐུད་གཏོང་བཞིན་ཡོད་འདུག