བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ།
ཟླ་འདིའི་ཚེས་༢༦ བོད་མདོ་སྨད་ས་ཁུལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་ཨ་མཆོག་ནས་ཡིན་པ་དཀོན་མཆོག་ཚེ་རིང་དང་། ཨ་མདོ་ཀན་ལྷོ་ཀླུ་ཆུའི་མགོན་པོ་ཚེ་རིང་གཉིས་ཀྱིས་ས་གནས་སོ་སོར་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོར་བོད་ཀྱི་མོད་སྨད་ས་ཁུལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་ཨ་མཆོག་གི་ན་གཞོན་རང་ལོ་༡༨ ལ་སོན་པ་དཀོན་མཆོག་ཚེ་རིང་གིས་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒལ་བྱས་ཏེ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་སོང་བའི་གནས་ཚུལ་ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་ནས་ནས་སྤེལ་ཡོད་པ་རེད།
ཁོང་ཨ་མདོ་བླ་བྲང་ཨ་མཆོག་ཡུལ་ཚོ་བན་ཀན་སྡེ་པ་ནས་ཡིན་པ་དང་། རང་ལོ་ ༡༨ ཡིན་འདུག རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་གི་ཕའི་མིང་ལ་ཚེ་འཕགས་སྐྱབས་ལོ་ ༤༠ དང་། མའི་མིང་ལ་མགོན་པོ་མཚོ་ལོ་ ༣༧ ཡིན་འདུག ཁོང་གི་སྤུན་ཆེ་བའི་མིང་ལ་དཔལ་འབྱོར་རྒྱ་མཚོ་ཟེར་ཞིང་ད་ལྟ་གྲྭ་པ་ཡིན་འདུག
དེ་རྗེས་ཨ་མཆོག་དགོན་པའི་གྲྭ་པ་མང་པོ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་གི་ཕེབས་ཡོད་པ་དང་། ས་གནས་མི་མང་ཡང་མང་པོ་འབྱོར་ཡོད་འདུག
དེ་བཞིན་འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཚེས་༢༦ ཉིན་ཨ་མདོ་ཀན་ལྷོ་ཀླུ་ཆུའི་ཨ་ལ་ནས་བོད་མི་མགོན་པོ་ཚེ་རིང་གིས་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦ པ་ཡོལ་ཙམ་ལ་བོད་མི་མགོན་པོ་ཚེ་རིང་གིས་ཨ་མདོ་ཀླུ་ཆུ་རྫོང་ཁོངས་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ནས་བོད་ལ་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་ས་གནས་རང་ནས་སྐུ་གྲོངས་ཡོད་པ་རེད། དེ་མ་ཐག་ས་གནས་བོད་མི་མང་པོས་ཁོང་གི་སྐུ་ཕུང་ཐད་ཀར་དགོན་པར་གདན་འདྲེན་བྱས་རྗེས་ས་གནས་ཀྱི་ཨ་ལ་དང་། སྒྱིས་ཚང་། ཟམ་ཚ་བཅས་ནས་བོད་མི་མང་པོ་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གྱིས་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག ཅང་མ་འགོར་བར་ས་གནས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་དང་མཉམ་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་རེད་འདུག
རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ནི་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་པའི་ཕ་དབང་རྒྱལ་དང་། ལོ་༤༣ ཡིན་པ་དང་། མ་རྣམ་ལོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ད་ལོ་ལོ་༢༤ ཡིན་འདུག ཁོའི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་ཟེར་ཞིང་། ལོ་ ༢༦ ཡིན་འདུག ཁོ་གཉིས་ལ་ལོ ༦ ཅན་གྱི་བུ་ཆུང་ཚེ་རིང་བསམ་གྲུབ་དང་། ལོ ༣ ཅན་གྱི་བུ་མོ་ཚེ་རིང་སྒྲོལ་མ། ལོ ༢ ཅན་གྱི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་བ་གསུམ་ཡོད་འདུག
ཟླ་འདིའི་ཚེས་༢༦ དགོང་མོ་དྷ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག མི་མང་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།