ཀ་བཤད་ཕོ་མོའི་མཛའ་གླུ།

                   ཕོ 

ཀ་ར་ལྟ་བུའི་གསུངས་ཚིག་ཟེགས་མ་བབས།།

ཁ་སྒོ་་མཚར་བ་མེ་ཏོག་བཞད་འདྲ་བའི།།

ག་ནས་བལྟས་ཀྱང་དྲི་ཟའི་བུ་མོ་ཁྱོད།།

ང་ཡི་ཡིད་ཀྱི་མེ་ཏོག་ཁྱེད་ལ་འཛུམ།།

                  

            མོ

ཅ་ལེ་ཅོལ་ལེ་གྱོན་པའི་གཞོན་ནུ་ཁྱོད།།

ཆ་རྒྱུས་མེད་ལ་མཇལ་བའང་དང་པོ་ཡིན།།

ཇ་གང་འཐུང་བའི་དུས་ཚོད་འདྲིས་མ་མྱངས།།

ཉ་བེ་ཉེབ་བེ་སྐད་ཆ་མ་གསུངས་རོགས།།

                   ཕོ

ཏ་ཐྭ་ག་ཏ་མགོ་བོའི་ཐོག་ལ་བཞག

ཐ་ཚིག་བཅད་ནས་ཁྱོད་ལ་ཞུ་རྒྱུ་ནི།།

ད་ནངས་ལྷ་བྱ་ཕོ་རོག་གྲོགས་སྐད་དེ།།

ན་ཆུང་ཁྱོད་རང་མཇལ་བའི་རྟན་འབྲེལ་འགྲིགས།།

                   མོ

པ་ཏྲའི་རི་མོ་མཛེས་པའི་ཁང་བཟང་དང༌།།

ཕ་ལམ་རིན་ཆེན་བརྒྱུས་པའི་སྐེ་རྒྱན་དང༌།།

བ་མོ་འོ་མ་དཀར་པོ་འཐུང་རྒྱུ་བཅས།།

མ་འོངས་བདག་ལ་ལོང་སྤྱོད་ཡོད་དམ་ཅི།།

                   ཕོ

ཙ་ན་ཁྱོད་ཀྱིས་གསུངས་པ་དངོས་ཡིན་ནམ།།

ཚ་རུའི་སློག་པ་ཙམ་ལས་བདག་ལ་མེད།།

ཛ་ཧུའི་བུ་མོ་འདྲ་བའི་ཡིད་འོང་མར།།

ཝ་མའི་གཡོ་སྒྱུ་ལྟ་བུ་བྱེད་འདོད་མེད།།

                   མོ

ཞ་ཞི་ཁྱོད་ཀྱིས་གསུངས་པའི་དྲང་ཚིག་དེ།།

ཟ་འོག་རི་མོ་ལྟ་བུ་མཛེས་གྱུར་པའི།།

འ་ཅག་མཉམ་འཛོམ་འབྱུང་ནས་ཟླ་་ཤས་རྗེས།།

ཡ་མ་ཟུང་གི་རྣམ་འགྱུར་མི་སྟོན་ནམ།།

                   ཕོ

ར་མ་ལུག་གིས་སྤྱོད་པ་ངས་མི་ཤེས།།

ལ་ལུང་གང་དུ་སྤྱོད་ཀྱང་ཁྱོད་ལས་གཞན།།

ཤ་རུས་གང་བྱུང་མི་སྤྲོད་དམ་ཅག་ལ།།

ས་གཞི་དཔང་དུ་འཛུགས་ནས་ཐ་ཚིག་སྒྲོག།

          མཉམ་དུ

ཧ་ལོ་མེ་ཏོག་ཆུན་པོ་ལྷ་ལ་ཕུལ།།

ཧ་ཅང་དྭངས་བའི་ཡིད་ནས་གསོལ་འདེབས་ཞུས།།

ཨ་ཧོ་ངོ་མཚར་ཆེ་བའི་འཇིག་རྟེན་ནང༌།།

ཨ་ཙི་དེ་འདྲའི་སྐྱིད་པོར་སྔར་མ་འཚོར།།