རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གོམ་བགྲོད།

northeast_tibetans_solidarityཟླ་འདིའི་ཕྱི་ཚེས་༢༣ ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༧༠༠ ལྷག་གིས། ཉིན་ལྔའི་རིང་བོད་དོན་ཆེད་གོམ་བགྲོད་ཀྱིས་ཕྱི་ཚེས་༢༧ ཉིན་ཤི་རི་གྷུ་རིར་འབྱོར་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་དུ་བོད་པའི་བོད་མིའི་གཞིས་ཆགས་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་བཅས་ཀྱི་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ། དེ་བཞིན་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཁུལ་དེ་དག་གི་བོད་རིགས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༧༠༠ ལྷག་མཉམ་འཛོམས་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

northeast_tibetans_solidarity

ཉིན་ལྔའི་རིང་གོམ་བགྲོད་ཀྱིས་ཕྱི་ཚེས་༢༧ ཉིན་ཤི་རི་གྷུ་རིར་འབྱོར་ཏེ་ཁུལ་དེར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དང་འབྲེལ་བོད་དོན་དྲིལ་བསྒྲགས་བྱས་ཡོད་འདུག་ལ། སྐབས་དེར་ཤི་རི་གྷུ་རིའི་དུས་འཁོར་ལྷ་ཁང་དུ་སྒང་ཐོག་གི་བློན་ཆེན་ཟུར་པ་སྒྲུབ་རྒྱུད་དང་། ཁུལ་དེའི་ཧི་མ་ལ་ཡའི་རིག་གཞུང་ཚོགས་པའི་ཚོགས་གཙོ་བསོད་ནམས་ལྷུན་འགྲུབ་གཉིས་གདན་ཞུས་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་བྱེད་ཐབས་ཀྱི་མཛད་སྒོ་ཞིག་ཀྱང་འཚོགས་ཡོད་པ་རེད།

སྐབས་དེར་སྒང་ཐོག་བློན་ཆེན་ཟུར་པ་སྒྲུབ་རྒྱུད་ཀྱིས་ཀ་རྡོར་སྒང་གསུམ་དང་ཡུལ་མི་མཉམ་འབྲེལ་གྱིས། བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་པ་རེད་འདུག་ལ། དེས་རྗེས་གོམ་བགྲོད་པ་ཚོས་ཁུལ་དེའི་ཡུལ་མི་དང་གསར་འགོད་བརྒྱུད་ལམ་ཁག་ཏུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་། དགོང་དྲོར་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཀྱང་བྱས་ཡོད་པ་རེད་འདུག