མདོ་སྨད་ཀན་ལྷོ་མཛོད་དགེ་རུ་རང་ལུས་མེར་སྲེག་གི་ངོ་རྒོལ།

ཁ་སང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ཟེར་བ་ཞིག་གིས། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་པ་རེད།

དེ་ཡང་དྷ་སར་གནས་སྡོད་བྱམས་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༨ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི། མདོ་སྨད་ཀྱི་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པའི་ཕ་ཚེ་རིང་ཐར་དང་། མ་ཀུན་བཟང་སྒྲོལ་མ་གཉིས་ཀྱི་བུ་འབྲིང་བ་རྒྱལ་གཅེས་དཔའ་བོ་བན་དེ་མཁར་རང་ལོ་༢༡ ཡིན་པ་ཁོང་གིས། ཕ་ཡུལ་ནས་སྤྱི་ལེ་༢༠ ཙམ་གྱི་སར་ཡོད་པའི་གཙོས་གྲོང་ཁྱེར་དུ་སོང་སྟེ།

བོད་ནང་གི་དགོང་མོའི་ཆུ་ཚོད་༧ཡས་མས་སུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་ལ་རང་དབང་དགོས།  ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་སྐད་འབོད་ཀྱིས་རང་ལུས་མེ་རུ་བསྒྲོན་ནས་ཁོང་སྐུ་གྲོངས་ཡོད་འདུག རྒྱལ་གཅེས་དཔའ་བོ་ཁོང་གི་སྤུན་ཆེ་བའི་མིང་བྱམས་པ་དང་ཆུང་བའི་མིང་ལ་སངས་རྒྱས་དོན་འགྲུབ་ཟེར་གྱི་ཡོད་པ་རེད།

ཕྱི་ཚེས་༢༩ ཉིན་རང་ཁྱིམ་དུ་ཡུལ་ལུང་དགོན་སྡེ་ཁག་ནས་འདས་མཆོད་བསྔོ་སྨོན་བྱེད་བཞིན་པ་དང་། ད་ལྟ་རྒྱ་དམག་གི་དམ་དྲག་གི་དབང་གིས་ཞིབ་ཕྲའི་གནས་ཚུལ་ཤེས་ཁག་པོ་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་པས་བརྗོད་བྱུང་།