བོད་དོན་ལས་འགུལ་དང་བསམ་ཚུལ་ཐན་ཐུན།
དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཧ་ལམ་ཉིན་རེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་བྱུང་བཞིན་པའི་གནས་ཚུལ་ཐོན་གྱི་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་ཀ་རེ་རེ་བཞིན་བགྲེངས་ནས་ཁོ་ཚོ་དང་།
ཁོང་ཚོའི་ནང་མི་སྤུན་མཆེད། གྲོགས་དགའ་མཛའ། གཉེན་ཉེ་དག་གི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་པ་དང་། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་རླབས་ཆེ་བའི་ལས་འགུལ་དེར་ལུས་ངག་ཡིད་གསུམ་གྱིས་བརྩི་བཀུར་དང་། འདེང་འཇོག་ཡོད་ཚད་བྱེད་བཞིན་ཡོད་ལ། དེ་མཚུངས་མི་མང་གི་ལས་འགུལ་ཡང་ཉིན་རེ་བཞིན་ཆད་མེད་དུ་སྤེལ་གྱི་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཅིག་པུར་ཆ་བཞག་ན་ས་གནས་སུ་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་བོད་ནང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་རེ་རེ་ཐོན་པ་དང་ས་གནས་སུ་མི་མང་བསྡུ་བསྐོང་གིས་བསྔོ་སྨོན་མཆོད་འབུལ་བྱེད་པ་དང་། རྒྱལ་གཅེས་དཔའ་བོ་དེ་དག་ངོ་སྤྲོད་དང་འབྲེལ་བོད་ནང་གི་ཛ་དྲག་གནས་སྟངས་བཅས་མི་མང་འགྲེལ་བཤད་བྱེད་ཀྱི་ཡོད་ལ། མི་མང་གིས་ཀྱང་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ་རེད། དེ་བཞིན་སྐབས་དང་སྐབས་སུ་རང་ལུས་མེར་སྲེག་གཏོང་མཁན་དག་གི་ཞལ་ཆེམས་དང་འབོད་སྒྲ་དེ་དག་གི་དགོས་འདུན་ནམ་མངོན་འདོད་རྣམས་ལེགས་འགྲུབ་ཡོང་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ས་གནས་མེ་སོར་རྫོང་ལས་ཁུངས་ལ་སོགས་པའི་འབྲེལ་ཡོད་དཔོན་རིགས་ཁག་ལ་སྙན་ཞུ་ཕུལ་ཏེ། རྫོང་ལས་ཁང་མདུན་དུ་མི་མང་བརྒྱ་ཕྲག་གིས་དུས་གཅིག་ལ་ཟས་བཅད་ངོ་རྒོལ་བྱེད་པ་དང་། རྫོང་གྲོང་ཁྱེར་ནང་རྔམ་སྟོན་ཁྲོམ་སྐོར་ཡང་བྱེད་ཀྱི་ཡོད་པ་རེད། དེ་ལྟར་ས་གནས་ཀྱི་གཞོན་ནུ་བུད་མེད་ཀྱི་གོ་སྒྲིག་འོག་བོད་དོན་ལས་འགུལ་རྣམས་རྒྱུན་ནས་སྤེལ་བཞིན་པའི་ཁར། ད་ལྟའི་སྐབས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་བཞིན་ཡོད་པ་རེད་ལ། ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་མི་མང་མེད་པའི་དཀའ་ངལ་མེད་ལ། ཟས་མེད་ཆུ་མེད་ཀྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡིན་ཟེར་མཁན་ཡང་སླེབས་བཞིན་ཡོད་པ་རེད། མི་ལ་ལའི་མཐོང་སྣང་ལ་ལས་འགུལ་འདི་ཚོ་ཆེས་སྤྱིར་བཏང་བ་ཞིག་ཏུ་མཐོང་གི་ཡོད་སྲིད་ཀྱང་། ཟས་བཅད་ངོ་རྒོལ་བ་དག་གིས་ནི་རྒྱ་གཞུང་ལ་ངོ་རྒོལ་དང་། བོད་ནང་གི་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད། སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་ཁ་ཞེ་གཉིས་མེད་ཀྱིས་ལས་འགུལ་ནང་ཞུགས་བཞིན་པ་རེད་ལ། ས་གནས་ཀྱི་རྒྱ་གར་ཉེན་རྟོག་པ་དང་གསང་བའི་ལས་དོན་པ་དག་གིས་ཀྱང་ལས་འགུལ་འདི་ཚོ་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་དངོས་ཡོད་གནས་ཚུལ་གྱི་ལྟ་སྟངས་འོག ཉིན་རེ་བཞིན་མངོན་གསལ་དང་མངོན་གསལ་མ་ཡིན་པའི་སྒོ་ནས་ལྟ་སྐོར་རྟོག་ཞིབ་བྱེད་ཀྱི་འདུག
ཡིན་ནའང་། བྱེད་ཐབས་འདི་ནི་ཧ་ཅང་རྒྱུན་ལྡན་ལྟ་བུར་གྱུར་ནས་མི་རེ་ཟུང་གིས་བོད་ནང་ནས་རང་ལུས་མེ་རུ་སྦར་བའི་རླབས་ཆེ་བའི་ལས་འགུལ་སྦེལ་བཞིན་པའི་སྐབས། ང་ཚོར་འདི་ཙམ་ལས་བྱེད་རྒྱུ་མེད་པ་རེད་དམ་ཅེས། ལས་འགུལ་སྤེལ་ཕྱོགས་ལ་འདོད་བློ་གཏན་ནས་མ་ཁེངས་པའི་རྣམ་འགྱུར་སྟོན་པ་དང་། བཀའ་མོལ་ཡང་ཡོང་གི་ཡོད་ལ། དེ་བཞིན་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དང་། ལས་འགུལ་གོ་སྒྲིག་བྱེད་མཁན་རྣམས་ཀྱིས་ཀྱང་ལས་འགུལ་འདི་ཙམ་གྱིས་འདོད་པ་ཁེངས་སོང་བསམ་གྱི་མེད་པ་རེད། འོན་ཀྱང་། གནས་སྟངས་མང་པོ་ཞིག་གཞན་དབང་སྟབས་བསྟུན་ཡིན་པས། གཞིས་ཆགས་ཤིག་གི་ས་གནས་སུ་འདི་ཙམ་ལས་བྱེད་ཐབས་མེད་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད་པ་རེད།
ས་གནས་ཀྱི་བོད་མི་རེ་རེའི་ངོས་ནས་བཤད་ན་ཡང་། ཚོགས་པའི་གོ་སྒྲིག་བྱས་པའི་ལས་འགུལ་སྐབས་ཞལ་འདེབས་ཕུལ་མཁན་ཆད་མེད་ཡོད་པ་དང་། རྒྱ་ནག་གི་ཐོན་རྫས་ཐ་ན་ཟ་ཐུར་ཙམ་ཡང་ཉོ་ཚོང་དང་བེད་སྤྱོད་མི་བྱེད་མཁན་དང་། ཉིན་རེ་བཞིན་རང་གི་ནང་དུ་མཆོད་མེ་སྦར་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཆེད་དུ་བསྔོ་བ་དང་། བོད་རང་དབང་སླར་གསོ་མྱུར་དུ་ཡོང་བའི་སྨོན་ལམ་བསྐྱོན་ཀྱི་ཡོད་པ་རེད་ལ། རེས་གཟའ་ལྷག་པའི་ཉིན་རྟག་པར་གྲོང་སྡེ་སོ་སོའི་སྤྱི་ཁང་དུ་མི་ཚང་གི་འཐུས་མི་མཉམ་འཛོམས་ཀྱིས་བསང་གསོལ་བྱེད་ཀྱི་ཡོད།
བོད་ནང་དུ་རང་ལུས་མེར་སྦར་བའི་གནས་ཚུལ་རེ་བྱུང་བའི་གསར་འགྱུར་ཐོས་སྐབས་མིག་ཟུང་མཆི་མས་བཀང་། ལག་ཐལ་མོ་སྦྱར་ཏེ་མགོ་དང་ཁར་དུད་ནས་ཧད་དེ་ལུས་བཞིན་པའི་གཞིས་ཆགས་ཀྱི་བོད་མི་རྒན་རབས་པ་འདི་དག་གིས་སེམས་ནང་གི་སྡུག་བསྔལ་ནི་གློག་བརྙན་བཞིན་ཕྱིར་ཤར་ཐུབ་ཀྱི་མེད་པ་ཞིག་རེད་མོད། ལུས་ཀྱི་རྣམ་འགྱུར་འདི་དག་གིས་ཁོང་ཚོ་བྱེད་ཐབས་མེད་པའི་གནས་སུ་ལྷུང་ཡོད་པ་གསལ་པོ་ཤེས་ཐུབ་པ་ཞིག་རེད། གོང་དུ་བྲིས་པའི་གནས་ཚུལ་འདི་ནི་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་མཚུངས་ལྟ་བུའི་གནས་ཚུལ་ཞིག་ཡིན་ལ། གུས་པས་ཟིན་བྲིས་ཀྱི་ཚུལ་དུ་ས་གནས་ཀྱི་བོད་དོན་ལས་འགུལ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཞིག་བྲིས་པ་ཡིན། །
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན་ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།