༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཞབས་སོར་འཁོད་པ།
༧གོང་ས་ལྔ་བ་ཆེན་པོས་འབྲས་སྤུངས་ནས་ལུགས་གཉིས་ཀྱི་ཐུག་འགན་བཞེས་ནས་རྩེ་པོ་ཏ་ལར་ཕེབས་པ་རེད། ང་ཚོ་བཙན་བྱོལ་ལ་ཡོད་པ་རེད་མ་གཏོགས། སྐུ་ཕྲེང་བཅུ་བཞི་པ་རྩེ་ཕོ་བྲང་ནས་འབྲས་སྤུངས་སུ་ཕར་ལོགས་འགྲོ་བའི་མཚམས་དེར་སླེབས་བསྡད་ཡོད་རེད། བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་སྔོན་ལ་གཅིག་བཅར་ཐུབ་ན་དྲན་སོང་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
༧གོང་ས་མཆོག་ཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༢ ཙམ་གྱི་ཐོག མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མི་མང་གིས་ཕེབས་བསུའི་ཁྲོད་འབྲས་སྤུངས་བླ་སྤྱིར་ཞབས་སོེར་བདེ་བར་འཁོད་དེ། ས་གནས་ཀྱི་སེར་སྐྱ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་ཡོངས་དང་། ལྷག་པར་དུ་ཡོངས་འཛིན་གླིང་བླ་བྲང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ནས་ཇི་ལྟར་གསོར་བ་བཏབ་པ་བཞིན་ཉིན་འདིར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་ཡོད་པ་དང་། ཉིན་དེའི་ཞོགས་པ་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་ཡོངས་དང་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་དང་། མི་སྐྱ་ཕོན་ཆེན་རུ་བསྒྲིགས་ཀྱིས་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ། ཐོག་མར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་ཆིབས་བསྒྱུར་བསྐྱངས་སོང་།
ཐོག་མར་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ལས་རིམ་གྲུབ་པ་དང་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ཐོག་དགའ་ལྡན་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང་། དེ་ནས་ཕྱིར་བླ་སྤྱིའི་འདུ་ཁང་ནང་ཕྱག་ཕེབས་གནས་ནས་དེར་ཡོད་སེར་སྐྱང་མི་མང་ལ་བཀའ་སློབ་བསྩལ་དོན།
བོད་གངས་ཅན་གྱི་ལྗོངས་སུ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ། གངས་ཅན་གྱི་དཔལ་ན་ལེནྜའི་ཞེས་བཤད་སྲོལ་ཡོད་པ་ནང་བཞིན་དཔལ་ལྡན་འབྲས་དཀར་སྤུངས་པ་འདིར་སྔོན་ལ་བཅར་སྙིང་འདོད་སོང་། རྒྱུ་མཚན་རྒྱལ་དབང་དགེ་འདུན་རྒྱ་མཚོས་འབྲས་སྤུངས་ཀྱི་མཁན་པོ་གནང་བ་རེད། དེ་ནས་བཟུང་སྟེ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་འབྲས་སྤུངས་ཀྱི་བླ་མ་བྱས་པ་རེད། དེ་ནས་༧གོང་ས་ལྔ་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་དགོས་ཆགས་པ་ནས་བཟུང་བོད་སྤྱིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་རེད།
ངས་༡༦ ནས་ལུགས་གཉིས་ཀྱི་འགན་ཁུར་ནས་ལོ་༧༦ བར་དུ་རྐྱེན་ངན་སྣ་མང་གི་འོག་ནས་འཚོ་ཐུབ་པ་ཞིག་བྱས་ནས་བསྡད་པ་རེད། ད་ཆ་ཆབ་སྲིད་ཀྱི་འཐབ་རྩོད་ཡིན་ནའང་འདྲ་ལམ་ལུགས་ཡིན་ནའང་འདྲ་ང་ཚོས་དུས་ཀྱི་འགྱུར་བ་དང་མཐུན་པ་ཞིག་དང་། དུས་རབས་ཀྱི་རྗེས་ཟིན་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། ང་རང་ཚོའི་སངས་རྒྱས་བཅོམས་ལྡན་འདས་ཀྱི་ལྟ་གྲུབ་ཁོ་རང་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་དངོས་ཡོད་གནས་སྟངས་ལ་མཐུན་པ་ཞིག་རེད། བཅོམ་ལྡན་འདས་ཀྱིས་ཆོས་གསུང་བའི་སྐབས་ཡིན་ན་ཡང་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་ཟེར་བ་དེ་དངོས་ཡོད་གནས་ཚུལ་དང་བསྟུན་གྱི་ཡོད་པ་དེ་གསལ་པོ་ཞེ་དྲགས་རེད། དངོས་ཡོད་དང་མཐུན་དང་མི་མཐུན་ལ་མི་བལྟ་བར། ཨུ་ཚུགས་ཁོ་ན་བྱེད་བསྡད་པ་དེ་སངས་རྒྱས་པའི་ལྟ་གྲུབ་དང་འགྲོ་སྟངས་མ་རེད། ད་དེ་འདྲ་ཡིན་པ་སོང་ཙང་། འཛམ་གླིང་སྤྱིའི་འགྱུར་འགྲོས་དང་མཐུན་པ། ང་ཚོ་མང་གཙོས་སྒང་ལ་འགྲོ་བསྡད་ཡོད་པ་རེད་ཅེས་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་གྱི་སྐོར་གསུང་དོན། ན་ནང་ང་ལོ་༧༦ ལ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས། མང་གཙོའི་ལམ་ནས་འོས་འདེམས་བྱས་ པའི་སྲིད་སྐྱོང་གསར་པར་རྩིས་སྤྲོད་བྱས་པ་རེད། སྐབས་དེར་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ནས་སྲིད་སྐྱོང་གསར་པས་འགན་ཁུར་དམ་འབུལ་གནང་བའི་ཁ་ཐུག་ལ་ངས་འདི་ལྟར་ལབ་ཀྱི་བྱུང་། ང་ལོ་༡༦ སྐབས་ལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་འགན་དེ་ཚུར་བཞེས་པ་རེད། མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་བཞག་པའི་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་ལས་འགན་དེ་རྩིས་སྤྲད་བྱེད་ཀྱི་བྱུང་བ་དེ་དངོས་གནས་དགའ་བཞིན་སྤྲོ་བཞིན་ཕུལ་གྱི་ཡོད་ལ། སྤོབས་པ་ཆེན་པོས་ཕུལ་གྱི་ཡོད། དེ་འདྲ་ཡིན་དུས། ཞེ་དྲག་དགའ་བོ་བྱུང་། ང་ཚོ་རྒྱ་གར་ལ་སླེབས་མ་ཐག་ཏུ་མང་གཙོའི་ལམ་ལ་འགྲོ་རྒྱུ་བྱས་པ་རེད། དེ་འདྲ་ཡིན་དུས་རངས་ནས་སྙིང་དུ་བསྣག་པའི་འདོད་པའི་དོན་གཅིག་དེ་རིང་འགྲུབ་སོང་ཞེས་ལབ་ཀྱི་བྱུང་།
དེ་ནས་བཟུང་ང་ལ་ཆོས་ཕྱོགས་ཀྱི་འགན་ཡོད་རེད། ང་རང་སྒེར་གྱི་ངོས་ནས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ། མི་ཞིག་ཡིན་པའི་ངོས་ནས་འཛིམ་གླིང་སྤྱི་ལ་མཁོ་བ་བདེ་སྐྱིད་ཀྱི་རྩ་བ་དེ་སེམས་ཀྱི་ཞི་བདེ་དགོས་ཀྱི་ཡོད་པ་ཞིག་ལ། ཆོས་དང་འབྲེལ་མ་འབྲེལ་གལ་མེད་པ་བྱས་ནས། ང་རང་ཚོ་མངལ་ནས་བཙས་པའི་མི་ཞིག་ཡིན་ཕྱིན་ཆད་ལ། མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་རེད། མའི་བྱམས་བརྩེའི་ནུ་ཞོའི་འོག་ནས་ང་ཚོའི་མི་ཚེ་འདིའི་འགོ་བཙུགས་པ་རེད། དེ་འདྲ་ཡིན་དུས་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ང་རང་ཚོ་ཚང་མ་བརྩེ་བ་ཟེར་བ་དེ་ཕུང་པོའི་གྲུབ་ཆར་བརྟེན་ནས་ཡོད་བསྡད་པ་ཞིག་རེད། དེ་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་ངོས་འཛིན་ཐུབ་པ་ཞིག་བྱུང་ན། ཏན་ཏན་མི་སོ་སོའི་སེམས་ལ་ཞི་བདེ་ཡོང་བ་དང་མི་གཞན་པར་གནོད་པ་མི་བྱེད་པ་ཡོང་ཐུབ་པ་ཞིག་ཡིན་པས། ང་མི་ཞིག་ཡིན་པའི་ངོས་ནས། རིམ་པ་དེའི་ཐོག་ནས་འཛམ་གླིང་སྤྱི་ལ་ག་ཚོད་ཐུབ་ཐུབ་ཀྱི་བདེ་སྐྱིད་ཀྱི་རྩ་བ་སེམས་ལ་ཐུག་བསྡད་ཡོད་པ་ངོ་སྤྲོད་བྱེད་བཞིན་ཡོད་ལ། ཕན་ཐོགས་གང་ལ་གང་འཚམས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་འདུག དེ་ནས་རིམ་པ་གཉིས་པ་དེ་ང་ནང་པའི་དགེ་སློང་ཞིག་ཆགས་བསྡད་ཡོད་པ་རེད། རིམ་པ་དེའི་སྒང་ནས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས་པ་དེར་ངས་འབད་བརྩོན་བྱས་བསྡད་ཡོད་པ་རེད། དེར་བརྟེན། དེ་གཉིས་ག་ང་མ་ཤི་བར་དུ་བྱེད་སྡོད་ཀྱི་ཡིན་ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་ནས་གསུངས་དོན། ཆབ་སྲིད་ཀྱི་འགན་དེ་མང་གཙོས་ལམ་ནས་འོས་འདེམས་བྱུང་པའི་སྲིད་སྐྱོང་ལ་ཕུལ་ནས་སྲིད་སྐྱོང་གིས་འགན་གཙང་མ་བཞེས་ནས་འགྲོ་དུས་གང་ལྟར་ང་ཚོ་བོད་སྤྱིའི་དོན་དག་ལ་ཕན་ཐོག་ཡོད་བསྡད་པ་ཞིག་དང་། དུས་ཚོད་ཀྱི་རྗེས་ཟིན་ཐུབ་པ་ཞིག་ང་ཚོས་དངོས་སུ་ལག་ལེན་ཁེལ་བ་ཞིག་ཆགས་ཡོང་དུས། ཕན་ཐོགས་ཡག་པོ་བྱུང་སོང་བསམ་པ་ཞིག་མཐོང་བསྡད་ཡོད། ང་ཚོའི་གྲོགས་པོ་མང་པོ་ཞིག་གིས་དེ་འདྲ་ཐག་ཆོད་བྱུང་ནས་ལག་ལེན་ཁེལ་བ་དེ་ཡག་པོ་ཞེ་དྲག་བྱུང་འདུག་ཅེས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་༧གོང་ས་ལྔ་བ་ཆེན་པོས་འབྲས་སྤུངས་ནས་ལུགས་གཉིས་ཀྱི་ཐུག་འགན་བཞེས་ནས་རྩེ་པོ་ཏ་ལར་ཚུར་ཕེབས་པ་རེད། ང་རང་ཚོ་བཙན་བྱོལ་ལ་སླེབས་བསྡད་ཡོད་པ་རེད་མ་གཏོགས། སྐུ་ཕྲེང་བཅུ་བཞི་པ་རྩེ་་ཕོ་བྲང་ནས་འབྲས་སྤུངས་སུ་ཕར་ལོགས་འགྲོ་བའི་མཚམས་དེར་སླེབས་བསྡད་ཡོད་རེད། ང་རང་ཚོའི་བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་སྔོན་ལ་གཅིག་བཅར་ཐུབ་ན་དྲན་སོང་། གཙོ་ཆེར་གླིང་རིན་པོ་ཆེའི་གདུང་རྟེན་བཞུགས་ཡོད་རེད་ཅེས་གསུངས་སོང་།
༧གོང་ས་མཆོག་གིས་མུ་མཐུད་ཐེངས་འདིའི་གསུང་ཆོས་ཀྱི་སྐོར་གསུང་དོན། རྗེ་རིན་པོ་ཆེའི་རྨད་དུ་བྱུང་བའི་ལག་བཤད་གསུང་འབུམ་པོ་ཏི་བཅོ་བརྒྱད་ཞིག་ཡོད་པའི་ནང་ནས་བཤད་ལུང་ཡོད་བསྡད་པའི་པོ་ཏི་དགུ་འདུག དེ་ལ་བདག་པོ་ཞིག་རྒྱབ་བསྡད་ཡོད། དེའི་ནང་ནས་སྐབས་སུ་བབ་པ་དེ་ལམ་རིམ་ཆེ་འབྲང་ཆུང་གསུམ་གཙོས་ཁྲིད་ཆེན་ཁག་གི་ཁྲོད་རྒྱུན་ཐོབ་བསྡད་པ་ཆ་ཚང་དེ་རིང་འདིར་འདོན་རྒྱུའི་གོ་སྐབས་བྱུང་བ་རེད། འཆད་ཉན་བྱེད་པའི་རིང་ལ་རྗེ་རིན་པོ་ཆེས་རྟེན་གནས་བྱས་པའི་ཆོས་དུང་དེ་མར་གདན་འདྲེན་ཞུས་ནས་བྱིན་རླབས་དང་རྟེན་འབྲེལ་གྱི་ཁྱད་པར་འདྲ་ཞིག་ཡོང་གི་རེད་དྲན་སོང་། བདུན་ཕྲག་གཉིས་ཀྱི་རིང་ལམ་རིམ་འཆད་ཉན་བྱེད་ས་སོ་སོར་ཆོས་དུང་གདན་འདྲེན་བྱེད་རྩིས་ཡོད། གླིང་རིན་པོ་ཆེ་གློ་བུར་དུ་བརྡབ་སྐྱོན་བྱུང་བ་དེ་བློ་ཕམ་བྱུང་མ་གཏོགས་གཞན་དེ་རིང་འདིར་གྲ་སྒྲིག་འཐུས་ཚང་ཡག་པོ་ཞེ་དྲག་བྱུང་ཞེས་བཀའ་སློབ་གསུང་བཤད་གནང་སོང་། (གླིང་རིན་པོ་ཆེ་༧གོང་ས་མཆོག་ཆིབས་བསུར་བཅར་སྐབས་རླངས་འཁོར་བརྡབ་སྐྱོན་བྱུང་ཏེ། སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་པ་རེད།)
དེ་བཞིན་ཉིན་འདིའི་ཉིན་རྒྱབ་ཆུ་ཚོད་༢ །༣༠ ཕྱེད་ཐོག་༧གོང་ས་མཆོག་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་ལམ་རིམ་ཆེན་མོའི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ།
དེར་ཡོད་འདུས་མང་ཡོང་དང་དད་ལྡན་སེར་སྐྱ་ཡོངས་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། བྱང་ཆུབ་ལམ་རིམ་ཆེན་མོའི་ཐོག་བགྲོ་གླེང་བྱེད་དགོས་པའི་དགོངས་འཆར་བྱུང་བ་རེད། དེ་སྔོན་ཏོག་ཙམ་རེ་ཡོད་པ་རེད་མ་གཏོགས། ཕར་ཆེར་ཡོངས་གྲགས་དེ་འདྲ་མེད་པ་རེད། དེ་རིང་འདིར་བགྲོ་གླེང་གནང་བ་དེ་གསར་བཏོད་ཀྱི་རང་བཞིན་ལྡན་པ་བསྟན་པའི་ཞབས་འདེགས་བསྒྲུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། འདིར་ཐོག་མར་འགོ་འཛུགས་གནང་བར་བཀྲིས་བདེ་ལེགས་ཞུ་ཡི་ཡོད་ལ། ཧ་ཅང་དགའ་བོ་བྱུང་། ལམ་རིམ་ཆེན་མོ་འདིའི་ཁུངས་གཏུག་ས་དེ་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་སྔོན་གྱི་རྒྱ་གར་མཁས་པའི་གཞུང་མང་པོ་ཞིག་ལ་གཏུག་བཞག་པ་ཞིག་དང་། རྗེས་རིན་པོ་ཆེས་ལམ་རིམ་ཆེན་མོའི་ཞལ་ནས་བརྩམས་པའི་སྐབས་སུ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཞིག་ཡོད་བསྡད་པ་ཆ་ཚང་གི་ཚིག་ཇི་བཞིན་བློ་ལ་ཁེར་གྱི་ཡོད་མེད་མི་ཤེས་ཏེ་གང་ལྟར་དོན་དག་དེ་ཐུགས་ལ་ཆུད་ནས་དེའི་དོན་མར་བསྡུས་བཞག་པ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་སོགས་ཀྱི་བཀའ་སློབ་གནང་སོང་།
དེ་ཡང་ལམ་རིམ་ཆེན་མོའི་གསུང་ཆོས་འདི་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བོད་རབས་གནས་ལྕགས་སྟག་ལོ་སྟེ། ཕྱི་ལོ་༡༤༡༠ ལོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལམ་རིམ་བཀའ་ཆོས་བསྩལ་ནས་ལོ་ངོ་༦༠༢ འཁོར་གྱི་ཡོད་པ་དང་། ཐེངས་འདིར་ཡང་གསུང་ཆོས་འདི་ཉིན་གྲངས་བཅོ་ལྔའི་རིང་༧གོང་ས་མཆོག་གིས། འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་མོ་དགའ་འབྲས་གཉིས་སུ་གསུང་བཞིན་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།