བོད་མི་གཉད་ནད་རེག་དུག་གི་ན་ཚ་ཡོད་མཁན་༡༣༠ ཡོད།
ཕྱི་ལོ་༢༠༡༠ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཉན་ནད་རེག་དུག་གི་ན་ཚ་ཡོད་པའི་མི་གྲངས་༡༢༨ དང་། ༢༠༡༢ ལོར་ནད་ཚ་དེ་ཡོད་མཁན་༡༣༠ ལྷག་ཡོད་པ་ར་འཕྲོད་བྱུང་ཡོད་པས། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ན་ཚ་དེ་སྔོན་འགོག་བྱ་དགོས་པ་གལ་ཆེན་པོ་ཡིན་སྐོར་བསྒྲགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་སྔ་དྲོའི་ཆུ་ཚོད་༩།༣༠ ཀྱི་སྟེང་། དྷ་ས་གངས་སྐྱིད་བཀའ་ཤག་གི་ཡང་སྟེང་དུ། འཛམ་གླིང་གི་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་། དྲུང་འཕར་ཚེ་རྒྱལ། དྲུང་གཞོན་འཕྲིན་ལས་དཔལ་མོ་བཅས་ཀྱིས་ནད་གཞི་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
གསར་འགོད་གསལ་བསྒྲགས་སྐབས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་དེ་རིང་འཛམ་གླིང་གི་རེག་དུག་ཉིན་མོར་གསུང་འཕྲིན་ཞིག་ཕུལ་བ་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། འཛམ་གླིང་ཨེཌས་ཉིན་མོ་ལོ་ལྟར་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། HIVནད་འབུ་འདི་མིའི་སྤྱི་ཚོགས་ཁྲོད་ནས་རྩ་མེད་དུ་གྱུར་མེད་པར་ནད་གཞི་འདིའི་ཐད་ལས་འགུལ་ལག་བསྟར་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད་པར་བརྟེན། མང་ཚོགས་ལ་དུས་ནས་དུས་སུ་དྲན་སྐུལ་ཆེད་དམིགས་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་༢༠༡༡ ལོའི་སྙན་ཐོར་ད་ལྟའི་ཆར་མི་གྲངས་ས་ཡ་༣༤ ཙམ་ལ་HIVནད་འབུ་ཡོད་བཞིན་པ་དང་། ནད་གཞི་འདི་ཕོག་པའི་ནད་པ་གསར་པ་མི་གྲངས་ས་ཡ་༢་༢ ཡོད་ཚུལ་འཁོད་ཡོད་། ལོ་འདིའི་ནང་མི་གྲངས་༡་༧ ཙམ་རྐྱེན་འདས་སུ་གྱུར་ཡོད། གཉན་ནད་རེག་དུག་འདི་ཕོག་པའི་མི་འབོར་ཕལ་ཆེ་བ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་རུང་། ནད་གཞི་འདིས་སའི་གོ་ལའི་ནང་གནས་བཞིན་པའི་ཕོ་མོ་རྒན་གཞོན་དབྱེར་མེད་ལ་ཉེན་ཚབས་ཆེ་བའི་ངོ་བོར་གྱུར་ཡོད་ཅེས་དང་།
ཡང་ཡི་གེ་དེའི་ནང་མུ་མཐུད་དུ་འཁོད་དོན། རང་རིགས་རྣམས་ས་གནས་གང་སར་ཁོ་འཐོར་དུ་གནས་ཡོད་པ་དང་། འཚོ་བའི་འདུ་འགོད་ཆེད་དབྱར་དགུན་མེད་པར་གྲོང་དང་གྲོང་རྡལ་གང་སར་འགྲུལ་བཞུད་བྱེད་བཞིན་པར་སོང་། རང་རེའི་སྤྱི་ཚོགས་ནང་ནད་གཞི་འདི་མངོན་མེད་དུ་སླེབས་པའི་ཉེན་ཁ་ཡོད་པར་མངོན་བཞིན་ཡོད། ལྷག་པར་HIVནད་འབུ་འདི་ཐོག་མར་འགོས་ནས་ལོ་བཅུ་ཕྲག་གཅིག་གི་རིང་མངོན་རྟགས་གང་ཡང་མེད་པར་བསྡད་ཀྱི་ཡོད་པར་སོང་། ནད་འབུ་འགོས་ཡོད་མེད་བརྟག་དཔྱད་མ་བྱས་པར་ནད་རྟགས་གང་ཡང་མངོན་གྱི་མེད་པས་སྤྱི་ཚོགས་ནང་རང་བཞིན་སྣང་མེད་དུ་ཁྱབ་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
ཡང་ཡི་གེ་དེའི་ནང་ནད་གཞི་དེ་འགོས་པའི་རྒྱུ་རྐྱེན་གྱི་ཐད་ནས་འཁོད་དོན། ཉེན་སྲུང་མེད་པའི་འཁྲིག་སྤྱོད་དམ་ལུས་འབྲེལ། ཕན་ཚུན་ཟུངས་ཁྲག་སྤྲོད་རེས། སྨན་ཁབ་བེད་སྤྱོད་མཉམ་གཏོང་། གཟུགས་པོར་གཙག་ཁབ་འདྲ་མིན་མཉམ་སྤྱོད་བྱེད་རེས། ནང་གཞི་འགོས་ཟིན་པའི་ཨ་མ་ནས་མངལ་ཆགས་ཕྲུ་གུར་འགོས་ཀྱི་ཡོད། སྤྱིར་བཏང་ནད་གཞི་འདི་ཡོད་པ་མངོན་རྟགས་བྱུང་མ་ཐག་འཕྲོད་བསྟེན་སྨན་ཁང་བརྒྱུད་རྒྱ་གར་གཞུང་གི་གཉན་ནད་རེག་དུག་ལྟེ་གནས་ཁང་ནས་བརྟག་དཔྱད་དང་། སྨན་དུས་ཐོག་ལ་ཞུས་ཚེ་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བ་མ་ཟད། ལུས་སྟོབས་ཉམས་རྒུད་དུ་མ་སོང་བར་ཇི་སྲིད་བར་འཚོ་གནས་ཐུབ་ཀྱི་ཡོད། ལྷག་པར་སྤྱི་ཚོགས་ནང་གཉན་ནད་རེག་དུག་ཡོད་པའི་ནད་པར་མཐོང་ཆུང་དང་ཁྱད་གསོད་བྱས་པ་མ་ཡིན་པར་བྱམས་རྩེའི་ཐོག་ནས་ལྟ་སྐྱོང་ངོས་ལེན་གནང་དགོས་ཞེས་འཁོད་འདུག
གསལ་འགོད་གསལ་བསྒྲགས་སྐབས་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས། ད་ལྟའི་ཆར་ང་ཚོར་ར་འཕྲོད་བྱུང་བའི་རེག་དུག་གི་ན་ཚ་ཡོད་མཁན་བོད་མིའི་གྲངས་དེ་༡༣༠ ལྷག་ཡིན་སྐོར་དང་། དེ་ཡང་བཙན་བྱོལ་བོད་མིའི་མི་འབོར་དང་བསྡུར་ན་ན་ཚ་ཕོག་སའི་གྲངས་ཀ་མང་པོ་ཡིན་སྐོར། དེ་བཞིན་ང་ཚོའི་སྤྱི་ཚོགས་ཁྲོད་ན་ཚ་འདི་ཕོག་ས་ལོ་རེ་ནས་མང་དུ་འགྲོ་གི་ཡོད་པར་བརྟེན། བོད་མི་ཚང་མས་ནད་གཞི་འདི་སྔོན་འགོག་གི་ཐབས་ཤེས་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་བྱུང་།
དེ་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཉན་ནད་རེག་དུག་དང་འབྲེལ་བའི་བརྙན་འཕྲིན་ཐུང་ཐུང་ཞིག་བཟོས་ཡོད་པ་དེ་དབུ་འབྱེད་དང་འབྲེལ་གསར་འགོད་པ་ཚོར་གཟིགས་འབུལ་གནང་སོང་།
ན་ཚ་འདི་བོད་མིའི་སྤྱི་ཚོགས་ནང་ཕྱི་ལོ་༡༩༩༠ ནང་ཐོག་མར་ངོས་འཛིན་བྱུང་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་ནང་ནད་ཚ་འདི་ཡོད་སའི་མི་འབོར་གྲངས་མང་ཤོས་དེ་ལྷོ་ཨ་ཧྥའི་རི་ཀ་དང་། གཉིས་པ། ནེ་ཇི་རི་ཡ། གསུམ་པ། རྒྱ་གར་ཡིན་བཅས་ཡིན་པ་དང་ནད་གཞི་འདིའི་འོག་འཛམ་གླིང་གི་མི་མང་ས་ཡ་གསུམ་ལྷག་འདས་གྲོངས་སུ་ཡོད་པ་རེད་འདུག