རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ནས་བོད་དོན་གླེང་བ།

navanethem_pillayཟླ་འདིའི་ཚེས་༢ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་ནཱ་ཝི་ པིལ་ལཱེ་ཡིས་བོད་མི་རྣམས་ལ་ཡུན་རིང་འཕྲད་བཞིན་པའི་དཀའ་སྡུག་ཐོག་རྒྱ་ནག་གིས་ཛ་དྲག་ངང་གླེང་སློང་བྱེད་དགོས་ཞེས་ཞུ་འབོད་བྱས་ཡོད་པ་རེད།

ཁོང་གིས་བརྗོད་དོན་ལྟར་ན། བོད་མི་ཚོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་པའི་འཚོལ་རྙེག་ལ་རྒྱ་ནག་གིས་དྲག་སྤྱོད་ཀྱིས་མུ་མཐུད་དུ་བསྙོན་འཛུགས་བྱས་པར་ང་ལ་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། བཙོན་འཇུག་དང་བོར་བརླག དེ་བཞིན་ཞི་བའི་ཁྲོམ་སྐོར་བྱེད་མཁན་ཚོར་དྲག་སྤྱོད་ཚད་ལས་འདས་པ་བཏང་བ་དང་། བོད་མི་ཚོའི་རིག་གཞུང་གི་ཐོབ་ཐང་ལ་དྲག་གནོན་བྱེད་པ་སོགས་ཐེར་འདོན་བྱས་ཡོད་པ་རེད།

དཀར་མཛེས་སུ་བུ་མོ་ལོ་༡༧ ཅན་ཞིག་གིས་བོད་ལ་རང་དབང་དགོས་ཞེས་སྦྱར་ཡིག་བཀྲམ་པ་དང་༧གོང་ས་མཆོག་བོད་ལ་ཕེབས་དགོས་ཞེས་སྐད་འབོད་བྱས་པར་བརྟེན། ཉེས་རྡུང་བཏང་བ་དང་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཆད་བཏང་བ་དེ་ཡང་གླེང་བྱས་ཡོད་པ་རེད།

གཞན་ཡང་ཁོང་གིས། གློག་བརྙན་བཟོས་པ། པར་བཀྲམ་པ་སོགས་བོད་ཀྱི་གནས་ཚུལ་རྒྱ་ནག་ཕྱི་ལ་འགྲེམས་སྤེལ་བྱེད་མཁན་ཚོར་ལོ་བཞི་དང་བདུན་སོགས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་ཡང་བརྗོད་ཡོད་པ་རེད།

navanethem_pillay

རྒྱལ་ཚོགས་ཀྱི་ལས་བྱེད་ཁོང་གིས་མུ་མཐུད་ནས་བརྗོད་དོན། ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་སར་ཚད་ལྡན་ཞིབ་དཔྱོད་མེད་པ་དང་།  མནར་གཅོད། གདུག་རྩུབ་གིས་སྟངས་འཛིན་བྱེད་པ་སོགས་ལ་ང་ཚོས་དངོས་གནས་དོ་ཁུར་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

“ངས་གནད་དོན་འདི་དག་གི་ཐོག་ལ་རྒྱ་གཞུང་དང་ལྷན་དུ་ཐེངས་མང་པོར་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་བྱུང་། འོན་ཀྱང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། ཐོབ་ཐང་རྩིས་མེད་འགོག་སྲུང་སོགས་ཁ་ནས་བཤད་པ་ལས་ལྷག་ལག་བསྟར་བྱེད་དགོས་ཀྱི་འདུག”ཅེས་དང་།

“ངས་རྒྱ་གཞུང་ལ་གནད་དོན་འདི་དག་གི་ཐོག་ལ་ཞུ་སྐུལ་བྱེད་རྒྱུར། ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བཙོན་འོག་ཏུ་བཅུག་པའི་ཆབ་སྲིད་བཙོན་པ་དག་གློད་གྲོལ་བྱ་རྒྱུ་དང་། ཞི་བའི་ངང་འདུ་འཛོམས་ཀྱི་ཐོབ་ཐང་དང་སྨྲ་བརྗོད་སོགས་ལ་གུས་བཀུར་བྱེད་དགོས།”

ཡང་ཁོང་གིས་བོད་མི་ཚོ་ལ་ཡང་རང་ལུས་མེར་སྲེག་གིས་མཚོན་པའི་ཐལ་ཆེ་བའི་ངོ་རྒོལ་རིགས་མ་བྱེད་རོགས་ཞེས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གི་གསུང་བཤད་ནང་དུ་བརྗོད་ཡོད་པ་རེད།

“ངས་བོད་མི་ཚོར་སུན་སྣང་དང་སྡུག་བསྔལ་གི་ཚོར་ཤུགས་ཆེན་པོ་ཡོད་པར་བརྟེན་ཐལ་ཆེ་བའི་ཐབས་ལ་མ་བརྟེན་ཀ་མེད་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་དང་།

“གཞུང་གིས་ཀྱང་འདི་ལྟར་ངོས་འཛིན་དགོས་པ་དང་། བོད་མི་ཚོར་འཁོན་ལེན་གྱི་འཇིགས་སྣང་མེད་པར་རང་གི་སེམས་ཚོར་སྟོན་པར་ཆོག་མཆན་སྤྲད་དགོས་པ་རེད”ཅེས་བརྗོད་འདུག