རང་སྲེག་གི་དོན་རྐྱེན་དང་འབྲེལ་བའི་འོག་འཛིན་བཟུང་བཀག་ཉར།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གི་དོན་རྐྱེན་གྱི་དོགས་གཞིའི་འོག ཉིན་དེའི་མཚན་མོར་རྫོང་ཐོག་ཏུ་ཡོད་པའི་ཝ་ཤུལ་རྡོར་བྲུག་རྒྱ་གཞུང་གིས་འཛིན་བཀག་ཉར་བྱས་ཡོད་འདུག

དེ་ཡང་དྷ་སར་གནས་སྡོད་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོར། མགོ་ལོག་པདྨ་རྫོང་གི་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཚེས་༣ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐབས། པདྨ་རྫོང་དུ་གནས་སྡོད་ཝ་ཤུལ་རྡོར་བྲུག་ས་གནས་དེར་ཡོད་འདུག་ལ། དེའི་རྗེས་སུ་ཁོང་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། ད་སྐབས་གནས་ཚུལ་གང་བྱུང་གསལ་ཁ་བྱུང་ཐུབ་ཀྱིན་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཝ་ཤུལ་རྡོར་བྲུག་ནི་པདྨ་རྫོང་ལྡི་མདའ་ནས་ཡིན་ལ། དེང་སྐབས་པདྨ་རྫོང་ཐོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་འདུག པདྨ་རྫོང་གི་མངའ་ཁོངས་ནས་ནང་ཁུལ་རྙོག་འཛིང་བྱུང་སྐབས། ཁ་མཆུར་གཟུ་རྒྱག་མཁན་གྱི་མི་སྣ་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་སྐབས་ཀྱང་ཁོང་ཞི་རྒོལ་གྱི་སྣེ་ཁྲིད་པའི་ཉེས་མིང་འོག་འཛིན་བཟུང་བྱེད་མྱོང་ཡོད་འདུག

ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་དོན། ཁ་སང་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་ཁོང་གི་རང་ལུས་མེར་སྲེག་མ་གནང་བའི་ཡར་སྔོན་ཏག་ཏག་དེར། རང་དགོན་གྱི་གནད་ཡོད་དགེ་འདུན་པ་ཞིག་ལ་(བདེ་འཇགས་ཀྱི་ཆེད་ལས་གནས་དང་མིང་སོགས་བཤད་མེད།)ཁ་པར་བཏང་ནས་བཤད་དོན་”ངས་ད་སྐབས་རང་ལུས་མེར་སྲེག་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ལུས་ལ་ས་སྣུམ་བླུགས་ཟིན་པ་ཡིན། ད་གློག་ཆུ་ཞིག་འཐུང་རྒྱུ་ཡོད། དེ་འཐུང་ནས་མེར་སྒྲོན་རྒྱུ་ཡིན། སྤྱིར་ངས་ཡི་གེ་ཞིག་འབྲི་དགོས་གི་བསམ་སོང་མོད། འོན་ཀྱང་ང་ལ་ཡིག་གཟུགས་ཡག་པོ་མེད་པས་བྱུང་མ་སོང་། དེ་ནས་ཁྱེད་ལ་ཁ་པར་བཏང་བ་ཡིན། ང་ལ་རེ་བ་ཞིག་ཡོད་པ་ནི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དང་། ནང་འཛིང་མི་བྱེད་རྒྱུ་ངའི་རེ་བ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་ང་ཚོའི་རེ་བ་འགྲུབ་གི་རེད།”ཅེས་གསུངས་འདུག

དེ་བཞིན་དུ་ཁོང་གིས་རང་ལུས་མེར་སྲེག་གནང་ནས་ལག་གཉིས་ཐལ་མོ་སྦྱར་བཞིན་མདུན་དུ་རྒྱུགས་སྐབས། ཁོང་གིས་སྐད་འབོད་མང་པོ་ཞིག་གནང་ཡོད་འདུག་ལ། སྐབས་དེར་ས་གནས་མང་ཚོགས་ཁ་ཤས་ཀྱིས་བོད་མི་ཚོས་མཐུན་སྒྲིལ་བྱོས། ནང་འཛིང་ནང་འཁྲུག་མ་བྱེད་ཟེར་བ་གོ་ཡོད་འདུག

དེ་རིང་པད་ནག་སྡེ་པ་རང་ནས་ཡིན་པའི་མང་ཚོགས་དང་གྲྭ་པ་དག་ཁོང་གི་སྐུ་ཕུང་གི་མདུན་དུ་བསྐྱོད་ནས་སྐུ་ཕུང་ལ་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ། གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་བཅས་གནང་གཞིན་ཡོད་འདུག་ལ། ཁོང་གི་ཁ་ཆེམས་ལག་ལེན་བསྟར་རྒྱུ་ཡིན་པའི་དམ་བཅའ་གནང་བཞིན་ཡོད་འདུག ད་བར་དུ་བོད་མི་ཆིག་སྟོང་མ་ཟིན་ཙམ་གྱིས་དམ་བཅའ་ཕུལ་ཟིན་པ་དང་། དེ་བཞིན་དུ་ས་གནས་གཞན་ཁག་གི་དགོན་སྡེ་སོ་སོའི་བླ་གྲྭ་ཁག་དང་། མང་ཚོགས་བཅས་མི་མང་པོ་ཞིག་པད་ནག་དགོན་པར་ཆེད་དུ་སྐྱོད་ཡོད་ཀྱང་ཕྱོགས་སོ་སོ་ནས་ཉེན་རྟོག་པ་དང་། དམག་མིས་བཀག་འགོག་བྱས་ཏེ་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱི་སྐུ་ཕུང་ཡོད་སར་བསྐྱོད་ཐུབ་མེད་པ་རེད།

རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགསཀྱི་སྐུ་ཕུང་ནི་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཞུགས་འབུལ་གནང་རྒྱུར་གཏན་ཁེལ་བྱུང་ཡོད་པ་དང་། སྐབས་དེར་ས་གནས་མང་པོ་ནས་བོད་མི་དག་གདུང་སེམས་མཉམ་སྐྱེད་ཆེད་སྐྱོད་འཆར་ཡོད་ཀྱང་ཉེན་རྟོག་པ་དང་དམག་མིའི་དམ་དྲག་བྱས་ཏེ་སྐྱོད་བཅུག་མེད་པས། ཉིིན་དེར་རྙོག་གྲ་འདྲ་བྱུང་མ་ཡོང་ངམ་ཞེས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱི་ནང་མི་རྒན་གྲས་དག་གིས་སེམས་ཁྲལ་བྱེད་བཞིན་ཡོད་འདུག

ད་སྐབས་མགོ་ལོག་པདྨ་རྫོང་དུ་གཅིག་སྒྲིལ་རྫོང་གི་དམག་མི་དང་། དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་ནས་བཏང་བའི་དམག་མི་བཅས་དམག་མི་ཕོན་ཆེན་འབྱོར་ནས་པདྨ་རྫོང་གི་སྲང་བར་ཡོངས་དང་། དེ་བཞིན་དུ་པད་ནག་དགོན་གྱི་ཕྱོགས་སོ་སོ། པདྨ་རྫོང་གི་ཡར་ནང་མར་ནང་གི་ལམ་ཁ་སོགས་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དེ་རིང་སྐད་འཕྲིན་གྱི་གཙོས་ཁ་པར་ཀྱི་དྲ་ལམ་དང་། གློག་ཀླད་ཀྱི་དྲ་ལམ་སོགས་དྲ་ལམ་ཁག་བཀག་འགོག་བྱས་ཡོད་འདུག

པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་ནི་མགོ་ལོག་པདྨ་རྫོང་གི་ཁོངས་རྟོགས་སུ་དགོན་སྡེ་ ༢༣ ཡོད་པའི་ཡ་གྱལ་ཞིག་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་འདུག ཕྱི་ལོ་ ༡༨༦༠ ཡས་སུ་སངས་སངས་གྲྭ་གྲྭ་པདྨ་འགྲོ་འདུལ་རྡོ་རྗེས་ཕྱག་བཏབ་གནང་བ་དང་། དེ་ནས་རིན་པས་སྦྲ་ནག་བླ་མ་བསྟན་པ་དང་། པད་ནག་དབོན་པོ་རིག་ལོ་སོགས་ཀྱིས་རིམ་པར་བསྐྱངས་། ད་སྐབས་དགོན་བདག་བླ་མ་མཆོག་སྤྲུལ་བསྟན་པའི་ཉི་མ་ཡིན་ལ། དགོན་དེར་ད་སྐབས་གྲྭ་བ་ ༡༠༠ མ་ཟིན་ཞིག་ཡོད་པ་དང་། པདྨ་རྫོང་ནས་སྤྱི་ལེ ༧ ཙམ་གྱི་སར་ཆགས་ཡོད་པ་རེད་འདུག