གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རོལ་དབྱངས་འདུ་འཛོམས།
ཟླ་འདིའི་ཚེས་༡ ནས་༣ བར་གྱི་དགོང་མོ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད། རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་སྤེལ་ཡོད་པ་རེད།
སྐབས་དེར་གཞས་པ་སོག་ཤོད་དར་རྒྱས་ལ་རོལ་དབྱངས་འདུ་འཛོམས་སྐོར་དྲིས་པར། ཁོང་གིས། ང་ཚོས་འདི་ལྟར་གླུ་གཞས་ཀྱི་ལམ་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དགོས་དོན། བོད་ནང་གི་སྐད་གྲགས་ཅན་གྱི་གླུ་བ་གླུ་མ་༡༤ ཙམ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་གིས་མཚོན་སྡུག་སྦྱོང་མནར་གཅོད་གང་མང་ཞིག་བཏང་དང་གཏོང་བཞིན་ཡོད་པ་རེད། གཉིས་ནས་བོད་བསྟན་སྲིད་མི་རིགས་གྱི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། གནས་སྟངས་དེ་ལ་བརྟེན་ནས་ང་ཚོ་བཙན་བྱོལ་ནང་འཚོ་སྡོད་བྱེད་མཁན་གཞས་པ་དེ་ཚོ་ཡིན་ན་ཡང། འགན་ཞིག་མ་ཁུར་ན་འགྲིག་གི་མེད་པས། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཞེས་པའི་ཚོགས་པ་འདི་བཙུགས་ནས། ཚོགས་པ་དེའི་མིང་ཐོག་ནས་བོད་མི་གནས་ཡུལ་གང་སར་བསྐོར་བསྐྱོད་བྱས་ཏེ། གཞས་སྣ་གཟིགས་འབུལ་དང། མཉམ་དུ་ཞལ་འདེབས་བསྡུ་སློང་ཡང་བྱེད་བཞིན་ཡོད། ཞལ་འདེབས་དེ་ཡང་ང་ཚོའི་ཟ་གོན་གྱི་ཆེད་དུ་གཏན་ནས་མིན་པར། བོད་བསྟན་སྲིད་ཆེད་དུ་རང་ལུས་མཆོད་མེར་ཕུལ་ནས་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་མྱ་ངན་རྗེས་དྲན་གྱི་རྡོ་རིང་ཞིག་བཙུགས་འཆར་ཡོད་པ་ཙམ་དུ་མ་ཟད། རྗེས་ཕྱོགས་ང་ཚོའི་མཐུན་རྐྱེན་གྱིས་འདང་བ་ཡིན་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་ཆབ་སྲིད་བཅས་ཀྱི་ནང་དོན་མཚོན་པའི་མཐུན་སྒྲིལ་གྱི་འོད་སྡེར་ཆེད་བསྒྲིགས་དེ་འདྲ་འདོན་འཆར་ཡོད། ཐོག་མའི་ལས་འགུལ་དེ་འདྲ་ཞིག་རེད། རྗེས་ཕྱོགས་ག་རེ་བྱེད་ཐུབ་མིན་ང་ཚོ་རིམ་པའི་གྲོས་བསྡུར་བྱས་ནས་ཐག་ཆོད་བྱས་ནས་འགྲོ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང།
རོལ་དབྱངས་འདུ་འཛོམས་མང་པོ་སྤྲོ་སྐྱིད་སྐབས་བྱེད་ཀྱི་ཡོད་པས། འདི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་མི་བྱེད་མཁན་ཡང་སྤྱི་ཚོགས་ནང་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས། “རེད་རེད། ང་ཚོའི་ངོས་ནས་གཞས་གཏོང་སྐབས་ནམ་རྒྱུན་ལོ་གསར་དུས་སྟོན་སྐབས་ནང་བཞིན་ལུང་པ་གཞན་དག་གི་གཞས་འདྲ་མིན་དང་བརྩེ་དུང་གི་གླུ་གཞས་ཀྱི་མཚོན་པའི་འཁྲུག་པོ་དེ་འདྲ་རྩ་བ་ནས་གཏོང་གི་མེད། གཞས་ཚིག་གི་ནང་དོན་ཆ་ཚང་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང། སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར། ཡང་ན་ཁོར་ཡུག་གི་སྐོར། དེ་བཞིན་རིག་གཞུང་དང། རླབས་ཆེན་གྱི་མི་སྣ་དམ་པ་གོང་མ་ཚོར་བསྟོད་གླུ་དེ་འདྲ་རྐྱང་རྐྱང་ཡིན། དགའ་དགའ་སྤྲོ་སྤྲོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་སོང།
ཟླ་ངོ་གཉིས་གསུམ་རིང་རོལ་དབྱངས་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད་ས་རེད། བོད་པའི་སྤྱི་ཚོགས་ཁྲོད་ཕན་ནུས་གང་འདྲ་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས། “ཕན་ནུས་འདི་རེད་ཅེས་ད་ལྟ་ལབ་ཐུབ་ཀྱི་མི་འདུག འགོ་བཙུགས་ནས་དུས་ཡུན་རིང་པོ་མ་རེད། ཡིན་ནའང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང། ད་ལྟ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་གླུ་བ་གླུ་མ་དེ་ཚོའི་ཚབ་བྱས་ནས་ཁོང་ཚོས་བཏང་བའི་གླུ་གཞས་ཁྱབ་སྤེལ་གཏོང་རྒྱུའི་མཚོན། བོད་པའི་རྩ་དོན་གྱི་གནས་སྟངས་དང་འབྲེལ་བ་ཡོད་བསྡད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང།།
མོན་གྷོ་གསར་འགོད་པས།