ལོ་ན་ ༦༥ ཡན་ལ་སྨན་སྦྱིན།
ཉེ་ཆར་༸དཔལ་ལྡན་སྲིད་སྐྱོང་མཆོག་དང་། ༸མི་རྗེ་འཕྲོད་བསྟེན་བཀའ་བློན་རྣམ་གཉིས་ལ་དྭགས་ཁུལ་དུ་འཚམས་གཟིགས་བཀའ་དྲིན་བསྐྱངས་སྐབས་དེ་ཁུལ་རྒན་འཁོགས་རང་ལོ་ ༦༥ ཡན་སོན་པ་རྣམས་ལ་སྨན་རྩིས་ཁང་ནས་སྨན་སྦྱིན་གནང་ཐབས་དགོངས་བཞེས་ཡོང་བ་ཞུས་འདུག
དེར་བརྟེན་སྨན་རྩིས་ཁང་ནས་སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༡ ནས་ལ་དྭགས་ཁུལ་གྱི་རང་རིགས་ཙམ་མ་ཟད། བཙན་བྱོལ་བོད་མི་རང་ལོ་ ༦༥ ཡན་སོན་པ་རྣམས་ལ་སྨན་སྦྱིན་གཏོང་རྒྱུ་ཡིན།
རྩ་བའི་རང་རིགས་རང་ལོ་ ༦༥ ཡན་སོན་པ་རྣམས་ལ་སྨན་སྦྱིན་གནང་རྒྱུ་དེ་༸གོང་ས་མཆོག་དགུང་གྲངས་ ༦༠ ཕེབས་སྐབས་ནས་སྨན་རྩིས་ཁང་གིས་དགོས་ངེས་ཅན་ལ་ལག་བསྟར་ཞུས་ཡོད་ཀྱང་། བེད་སྤྱོད་ལོག་པའི་དབང་དུ་ཤོར་ཏེ་རིམ་པས་རང་ལོ་ ༧༠ བར་བཟོ་དགོས་བྱུང་། ད་དུང་རང་ལོ་ ༧༠ སོན་པ་ཡན་དང་། སྲི་ཞུ་བ། ཉམ་ཐག་བཅས་ལ་སྨན་རྩིས་ཁང་ནས་སྨན་སྦྱིན་འབུལ་བཞིན་པ་དམིགས་ཡུལ་གཞིར་བཟུང་འགྲོ་གི་མེད་པ་སྨན་རྩིས་ཁང་གི་ལོ་འཁོར་ཚོགས་ཆེན་དང་། ཡན་ལག་སྨན་ཁང་ཁག་ནས་དགོངས་འཆར་ཡང་ནས་ཡང་དུ་བྱུང་ཡོད། སྨན་རྩིས་ཁང་དུ་སྨན་གྱི་ཐོན་སྐྱེད་མ་འདང་བའི་སྐབས་སུ་སྨན་སྦྱིན་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ་ཐོན་པར་བློ་ཕམ་གྱི་གཞི་རུ་སོང་། ཕྱིས་སུ་དགོས་ངེས་ཅན་དང་། སྨན་སྦྱིན་བེད་སྤྱོད་ལེགས་པོ་ཡོང་ཆེད་བྱ་ཐབས་གསར་པ་ཞིག་ལག་བསྟར་ཞུ་རྒྱུ་བཅས།
བོད་ཀྱི་སྨན་རྩིས་ཁང་ནས།། སྤྱི་ལོ་༢༠༡༢ ཟླ་༡༡ ཚེས་༣༠ ཉིན།།