ལམ་རིམ་གྱི་གསུང་ཆོས་སྐབས་༧གོང་ས་མཆོག་ལ་བརྟན་བཞུགས།
ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་བའི་ཉིན་མཐའ་དང་སྟབས་བསྟུན། བརྟན་བཞུགས་ཕུལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡༡ ཚེས་༣༠ ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་བ་དང་། ཟླ་འདིའི་ཚེས་༥ ཉིན་ཐེངས་འདིའི་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་སྤྱིན་བདག་ཐུན་མོང་གིས་མདོ་ལུགས་ཀྱི་སྒོ་ནས་ཆོ་ག་དང་བཅས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། བོད་གངས་ཅན་གྱི་ལྗོངས་འདི་དང་འཕགས་པ་སྤྱན་རེས་གཟིགས་དང་འབྲེལ་བ་ཡོད་པ་དེ་ཡོངས་གྲགས་སུ་ཁ་གསལ་པོ་ཡིན་པ་དང་། ངོས་རང་ལ་མཚོན་ན་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་གནས་སྟངས་དེ་ཐབས་སྐྱོ་བོ་ཞིག་ཆགས་བཞིན་པའི་སྐབས་སུ་སྐྱེས་བསྡད་པའི་མི་ཞིག་རེད་ཅེས་འཕགས་པ་སྤྱན་རེས་གཟིགས་ཀྱི་འཁྲུངས་རབ་གསོལ་འདེབས་ནང་ཡོད་པ་ནང་བཞིན་བོད་གངས་ཅན་གྱིས་ལྗོངས་དང་ལས་ཀྱི་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་ཡིན་སྐོར་སོགས་ཀྱིས་བཀའ་སློབ་གནང་སོང་།
དེ་རྗེས་བརྟན་ཞུགས་ཆོ་ག་དང་འབྲེལ་བརྟན་བཞུགས་བསྟར་འབུལ་གྲུབ་རྗེས་ལམ་རིམ་གསུང་ཆོས་མུ་འཐད་དུ་འཇུག་སྐྱོང་གནང་ཡོད་པ་རེད།
དེ་བཞིན་ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་༩ པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་གནང་བ་དང་། ཉིན་འདིར་མུ་མཐུད་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་བཀའ་ཁྲིད་དང་འབྲེལ་༧གོང་ས་མཆོག་གིས་ལམ་རིམ་ཞེས་པའི་གོ་དོན་སྐོར་ངོ་སྤྲོད་གནང་དོན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་སྟོན་པར་མཛད་མཁན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྒྲུབ་རྒྱུའི་ཆེད་གང་ཟག་རང་གི་ལྟ་སྤྱོད་གང་འདྲ་ཞིག་འཁྱེར་དགོས་མིན་གསུང་གནང་ཡོད་པ་དེ་དག་སྐྱེས་བུ་གསམ་གྱི་ལམ་རིམ་དུ་བསྡུས་ནས་བློ་སྦྱོང་ལུགས་སྟོན་པ་དེ་ལ་ལམ་རིམ་ཞེས་བརྗོད་ཀྱི་ཡོད་རེད་ཅེས་དང་།
དེ་འདྲའི་གཞུང་དེར་ཐོས་བསམ་སྒོམ་གསུམ་བྱས་པ་ཡིན་ན། རང་དང་གཞན་གྱི་ཚེ་འདི་དང་ཕྱི་མའི་འདོད་དོན་སྒྲུབ་ཐུབ་རྒྱུ་ཡིན་པའི་སྐོར་སོགས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་འབྲིང་གཉིས་ཀྱིས་མཚོན་པའི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་སྐོར་ལ་ངོ་སྤྲོད་གནང་གྲུབ་པ་དང་སྦྲགས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆུང་བ་སྐྱེས་བུ་བཟོད་པའི་ལེའུ་ནས་མུ་མཐུད་བཀའ་ཁྲིད་གནང་གི་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།