གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ།

mundgod_2012_12_5ཟླ་འདིའི་ཚེས་༥ ཉིན་གྱི་དགོང་མོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་གཞིས་ལས་ཁང་དང་ས་གནས་འཐུས་ཚོགས་གཉིས་ཀྱི་གོ་སྒྲིག་འོག རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་བྱས་ཡོད་པ་རེད།

བོད་བསྟན་སྲིད་ཆེད་རང་སྲོག་ཤོར་བའི་དཔའ་བོ་ཕོ་མོ་ཡོངས་ཀྱིས་སྐུ་པར་སྒྲིག་བཤམ་བྱས་ཡོད་པ་དང་། ལས་འགུལ་ཐོག་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་སྤྱི་འཐུས་ཁག་གཅིག་དང་མོན་གྷོ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་གཙོས་ལས་ཀྱི་སྣེ་མོ་རྣམས་དང་།  གདན་ས་དགའ་འབྲས་གཉིས་ཀྱི་གཙོས་མོན་གྷོ་ས་གནས་སེར་སྐྱ་མི་མང་དང་།   ཆོས་ཞུ་བ་སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེེད།

mundgod1_2012_12_5དེ་ཡང་ཐོག་མར་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་མི་མང་འདུ་འཛོམས་ཀྱི་སྟབས་དང་བསྟུན་ནས་གཞུང་འབྲེལ་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་ལྟར་གོ་སྒྲིག་བྱེད་དགོས་པའི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་རྗེས། ལས་འགུལ་ཐོག་སྐུ་མགྲོན་གཙོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་ཕྱི་ནང་གཉིས་སུ་བོད་རིགས་རྒན་དར་གཞོན་གསུམ་དགུ་བཅུ་ལྷག་གིས་རང་ལུས་མེ་རུ་བསྒྲོན་ཏེ་ངོ་རྒོལ་བྱེད་ས་ཏེ་རྒྱ་ནག་དམར་གཞུང་གིས་ནོར་འཁྲུལ་དང་གཡོན་ཐལ་ཅན།  དེ་བཞིན་འདྲ་མཉམ་དྲང་བདེན་མེད་པའི་སྲིད་ཇུས་དེ་ལ་འདོད་པ་མ་ཁེངས་པ་ཞིག་ཡིན་པ་གསལ་བོ་རེད།     སྐུ་གཤེགས་ཕོ་མོ་ཡོངས་ཀྱི་མངོན་འདོད་གྱི་འབོད་ཚིག་གཉིས་ཡོད་པ་ནི་༧གོང་ས་མཆོག་བོད་ལ་ཕེབས་དགོས་བ་དང་བོད་མི་རིགས་ལ་རང་དབང་དགོས་བ་དེ་གཉིས་རེད།  རྒྱ་ནག་གིས་དེ་ལ་དང་ལེན་བྱེད་ཀྱི་ལས་ཟློག་ཏེ་དམག་དང་དྲག་མཚོན་བེད་སྤྱད་བཏང་སྟེ། ཉིན་མཚན་འཁྱོལ་ཐུབ་ཐབས་མེད་པ་བཟོ་བཞིན་ཡོད་པ་རེད། 

mundgod_2012_12_5བརྒྱུད་རིམ་དེའི་ནང་ བོད་མི་བརྒྱ་ནས་ཉིས་བརྒྱ་བར་གྱི་ཚེ་སྲོག་ཤོར་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།   ཡིན་ན་ཡང་ང་ཚོས་ཤེས་རྟོགས་བྱུང་བའི་གྲངས་ཀ་འདི་ཙམ་རེད།   ད་དུང་ཡང་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་བསམ་ཡུལ་ལས་འདས་པའི་དམ་དྲག་བྱས་དང་བྱེད་མུས་རེད།   དེར་བརྟེན་ང་ཚོ་བྱེས་སྡོད་བོད་མི་ཚོས་ངོས་ནས་གང་ཐུབ་ཀྱིས་ལས་འགུལ་སྤེལ་དགོས་པ་ཞིག་དང་།  གཞུང་སྒེར་གང་ཡིན་གྱི་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་རྒྱུ་ནི་རང་ཉིད་ཀྱི་འགན་ཁྲི་ཡིན་པར་ངོས་འཛིན་དགོས་པ་ཞིག་རེད།   རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་འཛམ་གླིང་འདི་ཞི་བདེ་ཡོང་བར་འགན་ཁྲི་ཡོད་པ་རེད་ལ། འཛམ་གླིང་ལ་ཞི་བདེ་ཡོང་དགོས་ན་བོད་མི་ཚོའི་ཞི་བདེ་དང་དྲང་བདེན་ཆེད་ཚེ་སྲོག་གཏོང་བཞིན་པ་ཡང་ཤེས་དགོས་ངེས་རེད་ཅེས་སོགས་བརྗོད་སོང།།

མོན་གྷོ་གསར་འགོད་པས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||