ཨ་རིའི་གཞུང་གིས་རྒྱ་ནག་ལ་བོད་དོན་ཐད་འབོད་སྐུལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་གཞུང་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་འབྲེལ་གནས་སྟངས་དེ་ཞི་འཇགས་ཡོང་ཆེད། ༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་གྲོས་མོལ་བྱ་དགོས་པའི་རེ་འདུན་བཏོན་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱེ་རིའོ་ཨོ་ཊེ་རོ་ (Maria Otero) ཡིས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་གཏོང་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན། དེང་སྐབས་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་ས་ཁག་ལ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་ཀྱང་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། ཨ་མི་རི་ཀའི་གཞུང་གིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེར་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་ངོ་རྒོལ་དེ་ཚོར་གདོང་ལེན་གྱི་ཚུལ་དུ་བོད་མི་མང་གི་ཆོས་དད་རང་དབང་དང་གཏམ་བརྗོད་རང་དབང་། དེ་བཞིན་འདུ་འཛོམས་རང་དབང་བཅས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ལ་དམའ་འབེབས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད། ལྷག་པར་དུ་རང་སྲེག་ངོ་རྒོལ་བ་དེ་དག་ལ་ཁྱད་གསོད་བྱས་པ་སོགས་གང་ཅིའི་གནས་སྟངས་སྡུག་ཏུ་གཏོང་བཞིན་འདུག་ཅེས་དང་།
ཡང་ཁོང་གིས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་དེ་ཚོར་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཐད་ཀར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་བཀའ་མོལ་གནང་ཡོད་ཀྱང་། རྒྱ་གཞུང་གིས་བོད་མི་རྣམས་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དང་། བོད་པ་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ན་གཞོན་དང་ཤེས་ཡོན་ཅན། རིག་གནས་མཁས་པ་བཅས་ཚུད་ཡོད། བོད་མི་མང་གི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཁོ་ན་བྱས་ཏེ་བོད་ནང་ལ་གསར་འགྱུར་བཀག་སྡོམ་བྱེད་ཀྱི་ཡོད་པས། ང་ཚོས་རྒྱ་ནག་གཞུང་ལ་བོད་པ་ཚོར་རྡུང་རྡེག་དང་ཁྲིམས་གཅོད་སོགས་ཀྱི་འཇིགས་སྣང་མེད་པར་ཞི་བའི་སྒོ་ནས་རང་དབང་སྤྲོད་དགོས་པ་དང་། བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་མཚམས་འཇོག་བྱེད་དུ་འཇུག་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དེ་ཚོར་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། ད་དུང་ཕྱི་རྒྱལ་གྱི་རྟོག་ཞིབ་པ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད་ཅེས་དང་།
མཐར་ཁོང་གིས་རྒྱ་ནག་གཞུང་གིས་བོད་པ་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་དགོས་དོན་ཅི་ཡིན་ཐད་ཞིབ་འཇུག་གང་ཡང་བྱས་མེད་པས། ཏིང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ཟེར་པ་ལྟར་རྒྱ་ནག་གཞུང་གིས། བོད་པ་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་གང་ཡིན་ཐད་ཞིབ་འཇུག་བྱེད་པའི་དུས་ལ་བབ་ཡོད་ཅེས་གསུངས་ཡོད་པ་རེད་འདུག་རེད།