ཕྱི་རྒྱལ་གྱི་ཆོས་ཞུ་བར་ལག་ཁྱེར་མ་རག་པའི་དཀའ་ངལ།
ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཆོས་ཞུར་བཅར་མཁན་ཁག་ཅིག་ལ་ཆོས་ཞུར་བཅར་རྒྱུའི་ངོས་སྦྱོར་ལག་ཁྱེར་རམ་ཡི་གེ་དུས་ཐོག་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག
དེ་ཡང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་འབྲས་གཉིས་སུ་བརྩལ་བཞིན་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་ལ་བཅར་མཁན་ཕྱིའི་རྒྱལ་ཁབ་ཁག་ནས་དད་ལྡན་ཆོས་ཞུ་བ་རྣམས་ལ་ས་གནས་འདིར་ཡོང་ཆོག་པའི་ཐོངས་མཆན་དང་ལྷག་པར་དུ་ཆོས་ཞུའི་ངོས་སྦྱོར་ལག་ཁྱེར་དུས་ཐོག་མ་ར་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། pap ཞེས་པའི་ཐོངས་མཆན་ལག་ཁྱེར་དེ་ནི་ཟླ་བ་བཞི་ཙམ་གྱི་གོང་ནས་ལྡི་ལི་དོན་གཅོད་བརྒྱུད་སྙན་ཞུ་བརྒྱབ་ཏེ་ས་གནས་ལ་ཆོས་ཞུར་བཅར་ཆོག་པའི་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ངོས་སྦྱོར་ལེན་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཕྱི་རྒྱལ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ལ་pap ཆོག་མཆན་ཡི་གེ་དུས་ཐོག་མ་རག་སྟབས། ས་གནས་ལ་འབྱོར་རྗེས་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་ངོས་ལེན་མ་བྱས་པ་དང་ཁག་ཅིག་བཀག་ཉར་བྱས་པ་དང་ཕྱིར་སློག་བཏང་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
དེ་རིང་བར་འདས་པའི་ཉིན་གྲངས་༧ ཙམ་ནང་ཕྱི་རྒྱལ་མི་རིགས་ཆོས་ཞུར་བཅར་མཁན་ཐོ་འགོད་བྱས་པ་མི་གྲངས་ཁྱོན་བསྡོམས་༢༥༠༠ བྱུང་འདུག་པ་དང་། དེ་དག་གི་ནང་pap ངོ་སྤྲོད་ཆོག་མཆན་ཡི་གེ་ཡོད་པའམ་ཐོབ་ཡོད་མཁན་༡༥༠༠ཙམ་དང་། མ་ཐོབ་པ་དེ་༥༠༠ ཙམ་ཆགས་འདུག་ལ། དེ་ཡང་བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་བསྟན་འཛིན་དཔལ་ཆོག་ལགས་སུ་དཀའ་ངལ་དེ་ཡོང་རྐྱེན་གང་ཡིན་དང་ད་ལྟ་་སེལ་ཐབས་བྱེད་ཀྱི་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་དྲི་ཞུས་པར།
ཁོང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། Pap མ་རག་པར་ས་གནས་སུ་གསུང་ཆོས་ལ་འབྱོར་ཟིན་པ་རྣམས་ལ་འབྲེལ་ཡོད་རང་གཞུང་བདེ་སྲུང་ལས་ཁུངས་དང་གསུང་ཆོས་གོ་སྒྲིག་ཚོགས་ཆུང་། གཞིས་ལས་ཁང་བཅས་ནས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ཤེས་གང་མང་གནང་ཡོད་ན་ཡང་། རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་བཅས་ནས་དོ་དམ་འོག་གསུང་ཆོས་ལ་བཅར་ཆོག་པའི་ཐོངས་མཆན་ཡི་གེ་མེད་པའམ་བཀའ་ཁྲོལ་ཡི་གེ་མེད་མཁན་ཚོར་ས་གནས་ནས་ཕྱིར་སློག་བཏང་བ་སོགས་ཀྱི་དཀའ་ངལ་ཏོག་ཙམ་རེ་འཕྲད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།