རྒྱ་གཞུང་གིས་མཐོ་རིམ་སློབ་མ་གཉིས་འཛིན་བཟུང་།

ཕྱི་ཟླ་༡༡ པའི་ཚེས་༡༧ བོད་ཨ་མདོ་རེབ་གོང་ཁུལ་རྩེ་ཁོག་རྫོང་། རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་ཡོད་སར། གསང་བདག་ཚེ་རིང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་སྐབས། རྒྱ་ནག་གཞུང་གིས་ས་གནས་དེའི་བོད་མི་གོང་སྦེ་ལ་གསང་བདག་ཚེ་རིང་གི་ཕུང་པོར་བདག་ཉར་བྱེད་དགོས་དོན་གང་ཡིན་སྐོར་འདྲི་གཅོད་བྱེད་སྐབས། ཁོང་གིས་དམིགས་བསལ་ལན་འདེབས་གང་ཡང་བྱས་མེད་པ་རེད།

གོང་སྦེ་ཡི་བུ་རང་ལོ་༢༢ ཡིན་པ་ཀུན་དགའ་དར་རྒྱས་ཀྱིས་མཚོ་སྔོན་གསོ་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་ནའང་། ཉེ་ཆར་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་ལས། རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

དེ་བཞིན་ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་ཁྲིམས་ལུགས་སློབ་གྲྭ མཚོ་སྔོན་བོད་ལུགས་གསོ་རིགས་སློབ་གླིང་བཅས་ཀྱི་ནང་། རྒྱ་གཞུང་གིས་ <<ཏཱ་ལའི་བླ་མ>>ཞེས་པའི་དཔེ་དེབ་རྒྱབ་ཤ་དཀར་པོ་ཅན་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། བོད་ནང་གི་རང་སྲེག་དོན་རྐྱེན་དང་ངོ་རྒོལ་ཟིང་ཆ་རྣམས་ཏཱ་ལའི་བླ་མས་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པ་ཡིན་ཚུལ་དང་། ཏཱ་ལའི་རུ་ཚོགས་མེས་རྒྱལ་ཁ་བྲལ་གཏོང་མཁན་ཡིན་སྐོར་གྱི་མཚན་རྨད་བྱས་ཡོད་པར་བརྟེན། སློབ་མ་ཁག་ཅིག་གིས་དེ་ལ་དག་ལན་བྲིས་ཏེ་ནང་ཁུལ་འགྲེམས་སྤེལ་བྱས་པར་བརྟེན། ཟླ་འདིའི་ཚེས་༢༤ ཉིན་སློབ་མ་སངས་རྒྱས་བཀྲ་ཤིས་བཀྲ་ཤིས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་ཙམ་ལས། ད་ལྟ་གནས་ཚུལ་ནང་མིས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།

ཤ་བོས་རྡོ་རྗེས་གནས་ཚུལ་འགྲེལ་བརྗོད་གནང་སོང་།