མང་གཙོ་ཚད་ལྡན་ཡོང་ཆེད་ང་རྒན་ཡོལ་ཆ་ཚང་བ་ཞུས་པ་ཡིན།

2012_12_10_mundgod1

རང་གི་ལུང་པའི་བདག་པོ་དེ་མང་ཚོགས་དེ་ཆགས་བསྡད་ཡོད་རེད་མ་གཏོགས།    བླ་མ་དང་དཔོན་པོ་ཡིན་ཟེར་མཁན་དེ་ཚོ་ལུང་པ་དེའི་བདག་པོ་ཆགས་ཀྱི་ཡོད་པ་མ་རེད་ཅེས། ༧གོང་ས་མཆོག་གིོས་ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་གསུངས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ དགུའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཐུན་མོང་གི་གོ་སྒྲིག་འོག ༧གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ། མི་ལོ་ཧྲིལ་པོ་༢༣ འཁོར་བའི་དུས་ཆེན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་༦༤ པ་ སྲུང་བརྩིའི་མཛད་སྒོ་ཞིག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་མདུན་ཐང་དུ་འཚོགས་ཡོད་པ་རེད།
མཛད་སྒོའི་སྟེང་༧གོང་ས་མཆོག་དབུ་བཞུགས་ཀྱིས། སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གཉིས་ཀྱིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཁག་གཅིག་དང་།   དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲུས་སྤྲུལ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ཀྱིས་གཙོས་གདན་སའི་གྲྭ་ཚང་ཁག་གི་བླ་སྤྲུལ་རྣམ་པ།  གཞན་ཡང་དམིགས་བསལ་སྐུ་མགྲོན་ཀ་ཎ་ཌ་ག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་V.S .Patil གཙོས་རྒྱལ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་ཁག་གཅིག  མོན་གྷོ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ཀྱིས་གཙོས་ལས་ཀྱི་སྣེ་མོ་བ་ཡོངས་དང་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་འདུག
དེ་ཡང་ཐོག་མར་རྒྱ་གར་དང་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་མཚམས། མོན་གྷོ་གཏན་སློབ་སློབ་ཕྲུག་ཁག་གཅིག་གིས་རོལ་དབྱངས་དང་སྦྲགས་ཞི་བདེའི་བསྟོད་དབྱངས་ཕུལ་རྗེས།  བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་ཞུས་སོང་།
2012_12_10_mundgod1དེ་ནས་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་ཐོག་ཕུལ་བའི་གསུང་འཕྲིན་དང།  སྲིད་སྐྱོང་མཁས་དབང་བློ་བཟང་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ།  བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ཆེ་བསྟོད་ཚིག་བརྗོད་སྙན་སྒྲོན་དང་འབྲེལ།   རི་བོ་དགེ་ལྡན་པ་སྤྱིའི་དམིགས་བསལ་རྟེན་མཆོག་རྗེ་ཙོང་ཁ་པ་ཆེན་པོས། གཏེར་ནས་བཞེས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཞིག་དགའ་ལྡན་ཁྲི་རིན་པོ་ཆེའི་ཕྱག་ནས་༧གོང་ས་མཆོག་ལ་འབུལ་བཞེས་གནང་བ་དང་ཆབས་གཅིག་༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་དང་འབྲེལ་བའི་བཀའ་སློབ་བསྩལ་དོན།

“ང་ལོ་ཆུང་ཆུང་གོང་ནས་ང་རང་ཚོ་བོད་གཞུང་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་གི་དབང་ཆ་འཛིན་སྟངས་དེ་ལ་སྐྱོན་ཆ་མང་པོ་ཞིག་ཡོད་བསྡད་པ་མཐོང་གི་ཡོད།  དེར་བསྒྱུར་བཅོས་ཤིག་གཏོང་དགོས་ཀྱི་འདུག་བསམ་པའི་བསམ་བློ་ཕར་ཆེར་ང་ལོ་བཅུ་གསུམ་བཅུ་བཞིའི་སྐབས་ནས་འཁོར་སྡོད་ཀྱི་ཡོད།  ང་ལོ་བཅུ་དྲུག་སྐབས་སུ་དུས་ཚོད་ཛ་དྲག་ཅིག་གི་འོག་ནས་ཆབ་སྲིད་ཀྱི་འགན་དེ་ཁུར་དགོས་པ་ཞིག་ཆགས་པ་རེད།  ལོ་བཅུ་གསུམ་བཅུ་བཞིའི་སྐབས་ནས་འགྱུར་བ་ཞིག་གཏོང་བསམ་པའི་བསམ་བློ་ཤུགས་ཆེན་པོ་ཡོད། ངས་ཆབ་སྲིད་ཀྱི་འགན་ཁུར་དུས་ཕར་ཆེར་༡༩༥༠ པའི་ལོར་ཡིན་པ་རེད།  ལྔ་བཅུ་ང་གཉིས་ང་གསུམ་ཙམ་ལ་ལེགས་བཅོས་སྤྱི་ཚོགས་ཤིག་བཙུགས་ནས།  དེའི་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུའི་འགོ་བཙུགས་པ་རེད།  ཡིན་ན་ཡང་སྐབས་དེར་རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་ནས་རང་སྐྱོང་ས་ཁུལ་ཞིག་ཆགས་ནས་ཡོད་པ་ཡིན་དུས།  གང་ལྟར་དུས་ཚོད་དེར་བོད་ཅེས་པའི་ཐ་སྙད་དེ་བོད་ས་གནས་སྲིད་གཞུང་དང་རྒྱ་ནག་དབུས་གཞུང་ཆགས་བསྡད་ཡོད་པ་རེད། ས་གནས་སྲིད་གཞུང་གི་དབང་ཆ་གཙོ་བོ་དེ་གོང་ཁྲན་ཏང་གིས་བཟུང་བསྡད་ཡོད་པས། བསྒྱུར་བཅོས་གཏོང་རྒྱུའི་འགོ་བཙུགས་པ་རེད་དེ་ལྟ་སྐྱོང་འོག་ལ་ཁྲལ་བསྡུ་བ་སོགས་ ཕྲན་བུ་རེ་ལག་ལེན་བསྟར་བ་མ་གཏོགས་ཞིབ་ཚགས་པོའི་སྒོ་ནས་ལག་བསྟར་ཐུབ་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཡང་ཁོང་གིས་“༡༩༥༤ ལོར་ང་རྒྱ་ནག་ལ་མར་ཕྱིན་པ་རེད།  སྐབས་དེར་ང་རང་ངོས་ནས་ཆ་བཞག་པ་ཡིན་ན་ཡང་ཧ་ལམ་དམར་པོའི་མར་ཁེ་སུ་རིང་ལུགས་ཀྱི་དཔལ་འབྱོར་གནས་སྟངས་དེ་ཚོ་མང་ཚོགས་སྐྱོ་བོ་དེ་ཚོའི་རིགས་ཀྱི་ཁེ་ཕན་ལ་ལྟ་བ་དེ་འདྲ་ཞིག་མཐོང་ནས།  ང་ཡང་ཡིད་འཕྲོག་པ་འདྲ་ཞིག་བྱུང་།  མའོ་ཙེ་དུང་གི་མཚོན་པའི་དཔོན་རིགས་དེ་ཚོ་དངོས་གནས་དྲང་ནས་མི་མང་གི་ཞབས་འདེགས་སྒྲུབ་མཁན་ངོ་མ་ཞིག་རེད་དྲན་སོང་།   སྐབས་དེར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བ་ཞིག་བཙུགས་ན་གང་འདྲ་ཡོད་མེད་སྐོར།  མའོ་ཙེ་དུང་གིས་ང་ལ་བསམ་འཆར་དྲིས་པ་རེད།  ང་དང་མཉམ་དུ་ཡོད་པའི་གཞུང་ཞབས་ཚོར་གོ་བསྡུར་བྱས་པ་རེད།  ཚང་མས་དེ་ཞེ་དྲག་ཡག་པོ་འདུག  དམག་འཁྲུག་ཨུ་ཡོན་ལྷན་ཁང་བཙུགས་པ་ལས་སོ་སོ་རང་གིས་རང་སྐྱོང་ལྗོངས་བཙུགས་ན་ཞེ་དྲག་ཡག་པོ་འདུག་ཅེས་དགའ་སྤྲོའི་ཐོག་ནས་རང་སྐྱོང་ལྗོངས་བཙུགས་ཀྱི་བྱས་པ་རེད།  གཞན་དེའི་སྔོན་ནས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་དེ་ཁྱེད་རང་ཚོ་དགུང་ལོ་བགྲེས་པ་ཁ་ཤས་ཀྱི་ཐུགས་དྲན་སོས་མདོག་ཁ་བོ་རེད།   ད་གང་ལྟར་ང་རང་ཚོས་བཅོས་བསྒྱུར་ཡག་པོ་ཞིག་གཏོང་ཐུབ་ཡོད་པ་མ་རེད།

དེ་ནས་༡༩༥༩་ལོར་རྒྱ་གར་ལ་སླེབས་པ་རེད།  ༡༩༦༠ པའི་ལོར་ང་ཚོ་མང་གཙོའི་བསྒྱུར་བཅོས་ཀྱི་ལས་རིམ་འགོ་བཙུགས་པ་ཡིན།   རིམ་པས་རིམ་པས་བསྒྱུར་བཅོས་ལག་ལེན་ཁེལ་བ་བྱས་ནས་༢༠༠༡ ནས་བཟུང་བཀའ་བློན་ཁྲི་བ་ངས་བསྐོ་བཞག་མི་དགོས་པར་མི་མང་གི་འོས་འདེམས་ཐོག་ནས་བསྐོས་རྒྱུ་བྱས་པ་བཞིན་ཟམ་གདོང་རིན་པོ་ཆེ་སླེབས་པ་རེད།  དེ་ནས་ལོ་བཅུའི་རིང་ལ་རིན་པོ་ཆེར་ཐུགས་འགན་བཀལ་ནས་ང་དེའི་སྐབས་ནས་ཕྱེད་རྒན་ཡོལ་བྱས་བསྡད་པ་རེད་”ཅེས་གསུངས་སོང་།
2012_12_10_mundgod3མཐར་ཁོང་གིས་“༢༠༡༡ ལོ་ནས་ང་རང་གིས་བཙན་བྱོལ་ནང་གི་མི་མང་ཚོར་མང་གཙོའི་ཐོག་དོ་སྣང་དང་ཚོར་བ་ཡོད་བསྡད་པའི་བཟོ་འདྲ་ཞིག་མཐོང་ཡོང་དུས་ཡག་པོ་ཞེ་དྲག་རེད་དྲན་སོང་།  ང་རང་ཚོ་མང་གཙོ་ཚད་དང་ལྡན་པ་ཆ་ཚང་བ་ཞིག་ཡོང་ཆེད་ང་རྒན་ཡོལ་ཆ་ཚང་བ་ཞུས་པ་ཡིན།  རྒན་ཡོལ་དེ་ཡང་ང་གང་ཟག་སྒེར་གཅིག་པུ་མ་ཡིན་པར་༧གོང་ས་ལྔ་བ་ཆེན་པོའི་སྐབས་ནས་དབུ་བཙུགས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དེ་ལོ་བཞི་བརྒྱ་མ་ཟིན་ཙམ་ཞིག་ཆས་བསྡད་པ་དེ་མཇུག་བསྡུས་པ་རེད།  དུས་ཚོད་ཅིག་ལ་བཙུགས་པ་དེའི་ཕན་ཐོགས་བྱུང་ཡོད་པ་རེད།  ཡིན་ན་ཡང་དུས་ཀྱི་འགྱུར་བ་ཡོང་སྡོད་ཀྱི་ཡོད་པ་རེད།  འཛམ་གླིང་འདིའི་སྒང་ལ་སྔོན་མ་རྒྱལ་པོའི་རྒྱལ་ཁབ་ཅན་མང་པོ་ཡོད་པ་རེད།   དུས་ཚོད་འགྲོ་བསྡད་དུས།  ལུང་པ་དེ་དག་གི་ནང་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་ཡོང་དུས།   རང་གི་ལུང་པའི་བདག་པོ་དེ་མང་ཚོགས་དེ་ཆགས་བསྡད་ཡོད་རེད་མ་གཏོགས།    དེའི་ནང་བླ་མ་དང་དཔོན་པོ་ཡིན་ཟེར་མཁན་དེ་ཚོར་ལུང་པ་དེའི་བདག་པོ་ཆགས་ཀྱི་ཡོད་པ་མ་རེད།  དེར་བརྟེན་མི་མང་གིས་མང་མོས་དང་སྤྱི་མོས་གང་རུང་གི་ཐོག་ནས་མི་ཞིག་བསྐོ་བཞག་བྱས་པ་དེའི་འགན་ཁུར་དགོས་པ་རེད།   དེ་འདྲ་ཡིན་དུས་༢༠༡༡ ནས་ང་རྒན་ཡོལ་ཆ་ཚང་ཞུས་ཟིན་པ་རེད།   དེ་རིང་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་འདིར་མི་མང་གིས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཆེད་མངགས་ཕེབས་ནས་གསུང་བཤད་ཞིབ་ཚགས་པོ་འགན་ཁུར་ཡོད་པའི་གསུང་བཤད། ཁྱབ་ཆེན་པོ་ཡག་པོ་ཞེ་དྲག་གནང་སོང་། ཐུགས་རྗེ་ཆེ་ཞུ་ཡི་ཡིན་”ཞེས་གསུངས་ཡོད་པ་རེད།
དེའི་རྗེས་སུ་མོན་གྷོ་འདོད་རྒུ་གླིང་ལྷ་མོ་ཚོགས་པ་དང་སློབ་ཕྲུག  མི་མང་བཅས་ཀྱིས་གཞས་སྣ་ཁག་གཅིག་གཟིགས་འབུལ་གྲུབ་པ་དང་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།