འབྲི་རུ་རྫོང་གི་བོད་མི་༧ གྱི་རང་སྲོག་བློས་གཏོང་གིས་ངོ་རྒོལ།

འབྲི་རུ་རྫོང་གི་བོད་མི་༧ གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་ཤེས་ནས་བོད་མི་༢ འཛིན་བཟུང་བྱས་མཚམས། བོད་མི་གཞན་༥ པོ་ཆུར་མཆོང་ནས་རང་ཤི་བརྒྱབ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ ཉིན་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་སྔ་ཉིན་མོར་འབྲི་རུ་རྫོང་དུ་ཡོད་པའི་བལ་དཀར་གྲོང་སྡེ་ནས། བོད་མི་༧ གྱིས་རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་། རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཤེས་རྟོག་བྱུང་ནས། བོད་མི་དེ་དག་གི་ནང་ནས་བོད་མི་གཉིས་འཛིན་བཟུང་བྱས་པར་བརྟེན། གཞན་བོད་མི་༥ པོ་ཁུལ་དེའི་ཆུ་ལ་མཆོངས་ནས་རང་ཤི་རྒྱབ་ཡོད་འདུག འོན་ཀྱང་ཁུལ་དེར་དེ་སྔོན་ནས་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། བོད་མི་དེ་དག་གི་མིང་དང་ལོ་རྒྱུས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་ཞེས། བོད་ཁམས་ནག་ཆུ་ནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་འདུག

དེ་བཞིན་གནས་ཚུལ་འགྲེལ་བརྗོད་པ་ཁོང་གིས་མུ་མཐུད་བརྗོད་དོན། ཟླ་འདིའི་ཕྱི་ཚེས་༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། ཁམས་ནག་ཆུ་ཁུལ། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་ས་གནས་རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་འགྲམ་དང་། རྩ་ཐང་གི་རྡོ་རིང་སོགས་ལ་བོད་མི་མང་པོ་ཞིག་གིས་མཉམ་རུབ་ཐོག་བྲིས་པའི་བོད་དོན་དང་འབྲེལ་པའི་ཡིག་ཆ་མང་དག་ཅིག་སྦྱར་ཡོད་པ་དང་། སྦྱར་ཡིག་དེ་དག་གི་ནང“་ང་ཚོར་རང་དབང་མི་འདུག རང་དབང་ཐོབ་པའི་ཕྱིར་དང་། ཆོལ་གསུམ་བོད་མིའི་རེ་འདོད་འགྲུབ་པའི་ཕྱིར། འཛམ་གླིང་མི་རིགས་ཀྱི་བདེན་མཐའ་གསལ་བའི་ཕྱིར། ༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་ཐུབ་ཕྱིར་། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་དཀྲོལ་ཐོབ་པའི་ཕྱིར། རྒྱལ་གཅེས་དཔའ་བོ་དཔའ་མོའི་བཀའ་དྲིན་དྲན་ཕྱིར་ཆོལ་གསུམ་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་བྱོས་དང་། ཤི་གསོན་གང་ལ་ཐུག་ཀྱང་རྩོད་ལེན་བྱེད་ངེས་ཡིན། ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་”ཞེས་འཁོད་ཡོད་པ་རེད་འདུག

མཐར་ཁོང་གིས་སྤྱིར་རྒྱ་ནག་གཞུང་གིས་བོད་ཁམས་སྤྱི་དང་། ནག་ཆུ་འབྲི་རུ་རྫོང་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་ནས་བོད་མི་མང་པོ་འཛིན་བཟུང་དང་། གཅར་རྡུང་ཉེས་ཆད་འདྲ་མིན་ཕོག་བཞིན་པ་དཔེར་ན། དེ་སྔ་རང་ལུས་མེར་སྲེག་གཏང་མཁན་བོད་མི་དགུ་འགྲུབ་ལགས་ཀྱི་གྲོང་ཚོ་ནས་བོད་མི་༣༦ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེང་སང་བོད་ནང་གི་ས་གནས་བོད་མི་ཚོ་རྒྱ་ནག་གི་དམ་དྲག་སྟངས་འཛིན་འོག་ན་དབུགས་གཏོང་ལེན་བྱེད་དཀའ་བའི་གནས་སུ་ལུས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག