མི་འབུམ་གསུམ་དང་ཕྱེད་ལྷག་གི་ས་ཡིག་རྒྱལ་ཚོགས་སུ་ཕུལ་བ།

fot_2ཟླ་འདིའི་ཚེས་༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་གཞི་རྒྱ་ཆེ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་བསྡོམས་གནང་སྟེ། མཚན་རྟགས་བསྡུ་རུབ་བྱས་པའི་དེབ་གྲངས་༡༡༩ མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་ཡོད་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག་ལྡི་ལིར་རྒྱུན་བཞུགས་དང། ལྡི་ལི་ཉེ་འཁྲིས་དགུན་ཚོང་སྡེ་ཚན་ཁག་བརྒྱད། བོད་ཁྱིམ་སྡོད་ཁང་གཙོས་པའི་མཐོ་རིམ་སློབ་མ་བཅས་ཁྱོན་བོད་མི་སྟོང་ཕྲག་གཉིས་ཙམ་གྱིས་ལྡི་ལི་རཱམ་ལི་ལཱ་ཐང་ཆེན་ནས་བོད་ནང་སྐུ་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་༩༥ ཡི་སྐུ་པར་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དགོས་འདུན་བོད་ཧིན་ཨིན་གསུམ་ནང་འཁོད་པའི་འཕྲེད་དར་བཅས་ཀྱིས་སྣེ་དྲངས་ཏེ་ཇན་ཊར་མན་ཊར་བར་ཞི་བའི་གོམ་བགྲོད་བྱས་ཡོད་པ་རེད།

fot_2

བདེན་པའི་མེ་ལྕེ་སྐོར་བསྐྱོད་གོ་སྒྲིག་ཚོགས་ཆུང་གི་སྤྱི་འཐུས་ལྔ་པོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཡན་ལག་ལས་ཁུངས་སུ་ཆེད་བཅར་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་ས་རྟགས་བསྡུ་རུབ་བྱས་པ་ཕྱོགས་སྒྲིག་གི་དེབ་གྲངས་༡༡༩ དང་། བདེན་པའི་མེ་ལྕེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབུལ་རྒྱུའི་ཞུ་སྙན་ཁ་ཤོག་བཅས་མཉམ་འབུལ་དང་། སྐབས་བསྟུན་གྱི་རེ་སྐུལ་ཁག་ངག་ཐོག་ནས་སྙན་གསན་ཡང་ཞུས་ཡོད་པ་རེད། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གྱི་སྐུ་ཚབ་སྐུ་ཞབས་(R. K. Sharma) ནས་བོད་དོན་ཞུ་སྙན་ཁག་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་སོ་སོར་འབུལ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ནི་༢༠༡༢ ལོའི་ཕྱི་ཟླ་༧ ཚེས་༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ། རྒྱ་གར་གྱིི་ས་གནས་ཁག་གསུམ་ནས་འགོ་འཛུགས་བྱས་པ་དང་། ལས་འགུལ་འདི་དང་འབྲེལ་དགོས་འདུན་ནི། ༡ ཕྱི་ལོ་༡༩༥༩། དང་། ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ། ༢ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཅིག་འཕྲལ་དུ་གཏོང་དགོས་པ། ༣ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་ཁུར་བཞེས་དགོས་པ་བཅས་རེད་འདུག

འཛམ་གླིང་འདིའི་གླིང་ཆེན་ལྔ་ཡི་ཁྱོན་ནས་རྒྱལ་ཁབ་གྲངས་༣༠ ལྷག་ནང་བདེན་པའི་མེ་ལྕེ་དངོས་སུ་སྐོར་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་རྒྱལ་ཁབ་ཁག་༩༠ ལྷག་ནས་ས་རྟགས་གྲངས་༣༥༡༠༠༠ བསྡུ་རུབ་ཞུས་ཏེ། ཕྱི་ཟླ་༡༢ པའི་ཚེས་༡༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང། སུད་སིའི་གྲོང་ཁྱེར་ཇཱི་ནི་ཝར་ཡོད་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་གཅིག་དུས་གཅིག་ཏུ་སྙན་ཞུ་དང་དཔལ་འབར་རེ་བཅས་ཕུལ་ཡོད་པ་རེད།།