ཨ་མདོ་རྩེ་ཁོག་རྫོང་ཁོངས་ནས་བོད་མི་ལྔ་འཇུ་བཟུང་བཀག་ཉར།
ཟླ་འདིའི་ཚེས་༡༢ ཉིན་རྒྱ་ནག་གཞུང་གིས་ཨ་མདོ་རེབ་གོང་། རྩེ་ཁོག་རྫོང་ཁོངས་ནས་བོད་མི་ལྔ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། དེང་སྐབས་རེབ་གོང་ཡུལ་དུ་བོད་དོན་ལས་འགུལ་ཐེངས་མང་འབྱུང་བཞིན་ཡོད་པས། བོད་མི་མང་པོ་འཇུ་བཟུང་ལག་བསྟར་བྱེད་ཀྱི་ཡོད་འདུག
དེ་ཡང་ཤ་བོ་རྡོ་རྗེས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༡༢ ཉིན་འཇུ་བཟུང་བྱས་པ། རྩེ་ཁོག་རྫོང་ཁོངས་ཀྱི་དཔོན་སྐོར་སྡེ་པ་ནས་ཡིན་པ་ལྕགས་ཐར་(རང་ལོ་༤༧ )དང་། ནག་སྡོང་སྡེ་པ་ནས་ཡིན་པ་ཤ་བོ་(རང་ལོ་༣༠ནང་)གཉིས་འཇུ་བཟུང་བྱས་ཡོད་པ་དང་། ཁོང་གཉིས་ཀ་ཡུལ་དེའི་སྔགས་པ་དགོན་པའི་སྔགས་པ་ཡིན་འདུག
བར་སྐོར་སྡེ་པ་ནས་ཡིན་པ་བཙུན་མ་ཆོས་སྒྲོན་འཇུ་བཟུང་བྱས་ཡོད་པ་དང་། ཁོང་ཡུལ་དེའི་བཙུན་དགོན་གྱི་དགེ་སྐོས་ཡིན་འདུག་ལ། ཕ་ཡི་མིང་ལ་བསམ་གཏན་ཟེར་གྱི་ཡོད་འདུག བར་སྐོར་སྡེ་པ་ནས་བཙུན་མ་རིག་བཤད་འཇུ་བཟུང་བྱས་ཡོད་པ་དང་། ཁོང་འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་ ༢༥ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བཙུན་མ་སངས་རྒྱས་སྒྲོལ་མའི་ཕ་མ་གཅིག་གི་སྤུན་ཆེ་བ་ཡིན་འདུག
གྲྭ་བཙོན་འགྲུས་(རང་ལོ་༤༩) འཇུ་བཟུང་བྱས་ཡོད་པ་དང་། ཁོང་རྡོ་རྗེ་རྫོང་དགོན་པའི་འགན་ཡོད་མཁན་ཞིག་ཡིན་འདུག །