ཆིག་སྒྲིལ་དགོས་ན་ཞེན་ཁོག་བསལ་དགོས།

 ཞེན་ཁོག་ནི་ལྷག་བསམ་གྱི་འགལ་ཟླ་ཡིན།

❶ སྤྱི་བཤད།

དེང་སང་མང་པོ་ཞིག་གིས་ཞེན་ཁོག་ཅན་ཞིག་ཡིན་ན་མི་བུ་དེར་ལྷག་བསམ་ལྡན་པ་དང་མི་གཞི་ཅན་ཞིག་ལ་ལྟ་བའི་ལྟ་ཚུལ་ལོག་པས་འཆམ་མཐུན་དང་དོན་སྙིང་རུལ་བཅུག་གི་ཡོད།

དེའི་རྐྱེན་པས་སྤྱི་ཚོགས་ནང་དུ་ཞེན་ཁོག་ལ་དགའ་བའི་སྐྱེ་བོ་རྣམས་ཀྱིས་ཞེན་ཁོག་གི་སྟ་རེ་འཕྱར་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དང་། དགྲ་འདུལ་གཉེན་སྐྱོང་གི་བྱ་བས་མི་རིགས་དང་མི་རིགས་བར། ཆོལ་ཁ་དང་ཆོས་ལུགས། གཉེན་ཉེ་དང་མཛའ་བཤེས། གྲོགས་དང་གྲོགས་བུའི་བར་གྱི་འགལ་ཟླ་ཞིག་རང་བཞིན་དུ་ཡོང་བཞིན་ཡོད་ལ། ཤུགས་རྐྱེན་ངན་པ་དེས། མི་རིགས་ཀྱི་རྩ་དོན་དང་། ཆོས་ལུགས་ཀྱི་མཐུན་སྒྲིལ་སོགས་གཏོར་བརླགས་གཏོང་གི་ཡོད། ལྟ་ཚུལ་དེ་གཡབ་རྒྱུག་ལ་དགའ་བའི་ཆུ་སྣ་གར་འཁྲིད་ཚོ། ལམ་ནོར་དུ་འཁྲིད་པའི་ནག་ཉེས་ཤིག་ཡིན་པས་ངས་འདིར་ཞེན་ཁོག་དང་ལྷག་བསམ་གཉིས་གཅིག་ཏུ་གནས་ཐབས་མེད་པའི་འགལ་ཟླ་ཆེན་པོ་ཞིག་ཡིན་པ་བརྗོད་འདོད་བྱུང་།

❷ ཐོག་མའི་རེ་བསྐུལ།

མི་ལ་ལས་ཞེན་ཁོག་མེད་ན་ཕྱུགས་དང་འདྲ་ཡི་རེད་ཅེས་རྩོམ་ཡིག་ཐར་ཐོར་རེ་སྤེལ་བའང་མཐོང་སོང་། ཞེན་ཁོག་མེད་ས་ནས་མི་གཞིའི་གཤིས་རྒྱུད་དེ་ཕྱུགས་དང་འདྲ་སོང་ན་སྡུག་རྒྱུ་ཞིག་མི་འདུག་ལ། ལྷག་བསམ་དང་ཞེན་ཁོག་གི་ཁྱད་པར་མ་ཤེས་པའི་གྲུ་ཁ་ན་ཀླད་མཁྲེགས་ཅན་གྱི་མཐོ་དམན་དྲག་ཞན་མང་ཚོད་རེད། རྒྱུ་མཚན་དང་གནས་ལུགས་འཚོལ་བའི་ཤེས་ཡོན་ཅན་གྱི་མིང་འཛིན་པའི་ནང་དུའང་ཞེན་ཁོག་ནད་ཀྱིས་ཟིན་ཏེ་རང་ཉིད་ཀྱི་བློ་རྩལ་མུན་ཁུང་དུ་བརྫངས་པ་མང་བས། ཐོག་མ་ཉིད་ནས་ཞེན་ཁོག་གི་དུག་ནད་སེལ་བའི་སྨན་དཔྱད་རིམ་འགྲོ་གང་ཐུབ་མཛད་རོགས་ཞེས་ནན་གྱིས་བསྐུལ་བ་ཡིན།

❸ཞེན་ཁོག་གི་ངོ་བོ་དང་ཕན་ནུས་ཀྱི་བྱེད་ལས།

ཞེན་ཁོག་ནི་རང་ལྟ་མཆོག་འཛིན་དང་ཆགས་སྡང་ནུས་ཤུགས་ཅན་གྱི་སེམས་བྱུང་ཞིག་རེད་ལ། གཏི་མུག་གི་མུན་པ་རུ་འཐིམ་པས་སྡང་ཞེན་ཆེས་ཆེ་བ་ཞིག་རེད། བྱེད་ལས་ནི་རྣམ་དཔྱོད་ཀྱི་ཤེས་རབ་དང་། བློ་རིགས་རྟོག་ཞིབ་སྒོ་མོ་ཡོངས་སུ་བསྡམས་ཤིང་། དེས་རྐྱེན་པས་རྒྱུ་མཚན་དང་གནས་ལུགས་ལ་རྒྱབ་ཀྱི་ཕྱོགས་ཏེ་སྒེར་གཅོད་ཀྱི་རང་གཤིས་ཟབ་མོས། སྲོལ་རྒྱུན་དང་། ལྟ་བ། ཆ་ལུགས་དང་། གོམས་གཤིས་སོགས་ལ་ཡིན་མིན་གྱི་བསམ་གཞིག་མ་དགོས་པར་སྡིག་པ་མིག་བཙུམ་བྱེད་ཕོད་པའི་གླེན་པ་གླེན་ནག་ཅིག་ཏུ་ཆགས་ཡོད། ཞེན་ཁོག་གིས་རང་ཉིད་ཀྱི་བསམ་བློ་ལ་གུ་ཡངས་མི་སྦྱིན་པས། འཕེལ་རྒྱས་དང་གསར་གཏོད་ཀྱི་རྒྱུ་ལམ་བཀག་ཅིང་། སྒོ་ཀུན་ནས་རང་ཉིད་ཆེས་རྗེས་ལུས་སུ་བྱེད་ཀྱི་ཡོད། ཆོས་པ་ཚོས་ཆོས་འཆད་པའི་ཚེ་གནས་ལུགས་ཡོད་པའི་བཟོ་འདྲ་ཞིག་དང་། སྲིད་དོན་པ་ཚོས་ཆབ་སྲིད་བཤད་པའི་སྐབས་རྒྱུ་མཚན་ཡོད་པའི་ཁུལ་འདྲ་ཞིག་བཤད་མོད། དོན་དངོས་ཞེན་ཁོག་གིས་བཟི་ཡོད་ན་འབབ་ས་རང་ཕྱོགས་དང་། རང་འདོད་ཁོ་ནའི་ཐོག་ཏུ་ལྷུང་བ་ལས་གཟུ་བཤད་ཀྱི་སྐད་ཆ་ཏིལ་འབྲུ་ཙམ་ཞིག་མེད་ལ། རིག་ལྡན་པ་ཞིག་དང་། གཟུ་ལྟ་བ་ཞིག་ཡིན་ན་གང་ཟག་དེའི་ཁ་ནས་ཐིལ་བའི་དྲི་མ་ཡོད་ཚད་ནང་སྙིང་རུལ་བའི་ཞེན་ཁོག་དྲི་མ་ལས་གཞན་གང་ཡང་མི་ཚོར།

འུ་ཚོས་འདས་དོན་ལ་ཕྱིར་འདང་བརྒྱབ་ཅིང་། ད་ལྟའི་གནས་བབ་ལ་བསམ་གཞིག་བྱེད་ན། ས་སྐྱ་དང་། ཕག་གྲུ།  གཙང་པ་གདན་རབས་ནས་དགེ་ཕྱོགས་བར་ཞེན་ཁོག་རྦ་རླབས་བཞིན་འཕྱུར་ཞིང་ཆུ་བོ་བཞིན་རྒྱས་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོས་དགྲ་འདུལ་གཉེན་སྐྱོང་གི་བྱ་བས་ཆོས་ལུགས་དང་ཆོས་ལུགས་བར། ཆོལ་ཁ་དང་ཆོལ་ཁའི་བར། ཆབ་སྲིད་དང་ཆབ་སྲིད་བར་ཡིད་སྐྱོ་བ་ཞིག་བཟོས་པ་མ་ཡིན་ནམ། འདི་ཚོ་རེ་རེ་གནས་བཤད་ན་ཉོག་བཤད་ལས་མི་འདུག་པས་བློ་མིག་ཡོད་ན་སྔོན་གྱི་ལོ་རྒྱུས་ཁུངས་ལྡན་དང་། ད་ལྟའི་གནས་བབ་རྟོག་ཞིབ་ཀྱིས་དང་བདེ་བླག་ཏུ་ཤེས་ཐུབ།

ད་ལྟའི་དུས་འདིའང་ཕ་མ་གཅིག་གི་བུ་ཕྲུག་ལྟ་བུའི་སྟོན་པ་གཅིག་གི་རྗེས་འཇུག་སྟེ།ས་དགེ་བཀའ་རྙིང་སོགས་ཆོས་ལུགས་ནང་ཕན་ཚུན་ཁྱེད་སྡུག་ང་དགའི་ཆགས་སྡང་མང་ཚོད་རེ་ལ། ལྷག་པར་དུ་ཞྭ་དམར་དང་།སི་ཏུ་བར་གྱི་དང་། ས་སྐྱ་དང་ངོར་པའི་བར། སེ་ར་འབྲས་སྤུངས་བར། དཀར་མ་དང་གཏེར་མ་བར་ལྟ་བུར་ཞེན་ཁོག་དང་ཕྱོགས་རུང་གིས་འགྲན་རྩོད་བྱེད་པའི་གླང་རྒན་གྱི་རང་གཟུགས་ངོམ་པའི་ཀླད་མཁྲེགས་ཅན་གྱི་བླུན་པོ་ཆུ་སྣ་གར་ཁྲིད་མི་ཉུང་བ་ཞིག་འདུག་ལ། དེ་བཞིན་དུ་ཆོལ་གསུམ་ནང་ཕན་ཚུན་ཙམ་དུ་མ་ཟད་ཁམས་པ་ཁམས་པའི་བར་དང་། ཨ་མདོ་དང་ཨ་མདོའི་བར། དབུས་གཙང་དང་དབུས་གཙང་བར་ཞེན་ཁོག་མ་རུང་པ་དེས། ཉམས་ང་བའི་འགག་འཕྲང་ཅན་འདིར་རྩ་དོན་དང་འགན་འཁྲིར་རིང་དུ་དོར་བ་ནི། གཞུང་དམངས་གཉིས་ན་ས་ཁྱབ་རྡོ་ཁྱབ་རེད་འདུག་པས་ངོ་མ་བསམ་བློ་ཅན་ཞིག་ཡིན་ན་ཡིད་སྐྱོ་དགོས་པ་ཤིག་མ་ཡིན་ནམ།

❹ ལྷག་བསམ་གྱི་ངོ་བོ་དང་དེ་ཡི་ཕན་ནུས་ཀྱི་བྱེད་ལས།

ལྷག་བསམ་ནི་དེ་ལས་ཟློག་ཏེ་གཞན་ཕན་གྱི་བསམ་བློ་དྲང་ཚུགས་ཅན་གྱི་སེམས་བྱུང་ཞིག་རེད། རྒྱུ་མཚན་དང་གནས་ལུགས་ཀྱི་རྗེས་འགྲོ་ཞིང་། གཞན་གྱིས་བསམ་འཆར་ཉན་འཇོག་ཐུབ་པའི་བློ་རྩ་བརྟན་པོ་འཆང་བའི་གུ་ཡངས་ཅན་ཞིག་ཡིན་པས། ཆོས་སྐད་ཐོག་ནས་བཤད་ན་ལྷག་བསམ་ནི་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན་པ་སྟེ། ཟླ་བ་གྲགས་པས་ནམ་མཁའ་ལྡིང་གི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་ཡང་དེར་མིག་ཡོངས་སུ་དག་པ་ཡོད་པ་དེ་འདྲ་བྱ་ཚོགས་གཞན་སུ་ཞིག་ལའང་ཡོད་པ་མ་ཡིན་པའི་དཔེ་རུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ཡིན་ཀྱང་ལྷག་པའི་བསམ་པའི་མིག་གི་ཡོན་ཏན་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ཞེས་བཤད་ཡོད་པ་ལྟ་བུ་རེད། བྱེད་ལས་ནི་རྩ་དོན་དང་དགོས་མཁོ་ཆེ་སའི་གནད་དོན་དག་ལ་བསམ་བློ་གཏོང་ཞིང་། ལྷག་པར་དུ་ཉམ་ཆུང་ནུས་མེད་ཚོར་བསམ་གཞིག་གིས་ཡ་རབས་དམ་པའི་སྤྱོད་པར། འགན་འཁྲིའི་རྒྱས་བཏབ་སྟེ་རང་གཅེས་འཛིན་གྱི་ནུས་ཤུགས་ཆུང་དུ་བཏང་བའི་སྒོ་ནས་གཞན་ཕན་གྱི་དོན་དུ་དཀའ་ངལ་ཁྱད་དུ་བསད་ཐུབ་པའི་སྙིང་སྟོབས་ཅན་གྱི་བྱེད་ལས་ལྡན་པ་ཞིག་ཡིན་པས། ལྷག་བསམ་ཡོད་ན་རང་ཉིད་གང་ཞིག་གི་གནས་ལ་འགན་འཁྲི་ཁྱེར་ན་ཡང། བློ་རྒྱ་དཀྱེལ་ཡངས་ཀྱི་ལྟ་ཚུལ་ཡོད་པ་དང་། མི་གཞི་དྲང་ཚུགས་ཀྱི་རྒྱུད་གཤིས་ལྡན་པ། དཀར་ནག་དབྱེ་འབྱེད་ཀྱི་བློ་མིག་ཡོད་པ་དང་། དཀའ་ངལ་ཁྱད་བསད་ཀྱི་བཟོད་སྒོམ་ནུས་པ་ཞིག་ཡིན་པས། ཆོས་ལུགས་དང་མི་རིགས། དགོན་སྡེ་དང་སློབ་གྲྭ། ཚོགས་སྡེ་དང་ཚོགས་པ་ཁག་གི་ཆེད་དུ་ཅི་ཞིག་དོན་དུ་བཟོད་སྒོམ་བྱེད་དགོས་ན་ཡང་གཞན་ལ་ཕོག་ཐུག་མི་འགྲོ་བ་དང་། རང་ཉིད་ཀྱི་འགན་འཁྲི་མ་དོར་བའི་སྒོ་ནས་ཆིག་སྒྲིལ་གྱི་ནུས་པ་འདེབས་ཀྱི་ཡོད་ལ། ཤེས་ཡོན་སྣ་གཅིག་ལས་མེད་ནའང་ཡང་དག་པར་ལོངས་སྤྱོད་ཐུབ་པ་ཞིག་རེད། གལ་ཏེ་ཤེས་ཡོན་ཞིག་ཡོད་ཀྱང་ལྷག་བསམ་གྱིས་ཕོངས་ཡོད་ན་སྤྱི་ཚོགས་ལམ་ལོག་དང་། རྙོག་ཟིང་ཅན་དུ་འཁྲིད་པ་ལས་གང་ཡང་མེད་པས། རྒྱལ་བའི་དབང་པོས།“ལྷག་པའི་བསམ་པ་ཟེར་བ་དེས་ཕོངས་བསྡད་ཡོད་ན་ཤེས་བྱ་ཡོན་ཏན་ག་ཚོད་ཡོད་ན་ཡང་ཧ་ལས་རྒྱུ་གང་ཡང་མེད”ཅེས་གསུངས་པ་ལྟ་བུ་ལས་མ་འདས་སོང་བ་རེད།

ས་སྒང་འཇིག་རྟེན་འདིའི་ཁྲོད་དུ་འུ་ཚོ་ཞེན་ཁོག་གི་ཕྱུག་པོ་ཆེ་ཤོས་ཤིག་ཆགས་ཡོད་པས་ཨང་རིམ་ཞིག་བགྲང་ན་དང་པོར་སླེབས་ཚད་རེད། དེའི་དབང་གིས་རང་ཚུན་པའི་ཕལ་ཆེར་ལྷག་བསམ་གྱི་ཕོངས་ཡོད་པས། རྒྱལ་བའི་དབང་པོས“དེང་སང་ག་རེ་ཕོངས་འདུག་ཟེར་ན། ང་ཚོར་གོ་ལག་ཆས་ཕོངས་མི་འདུག རྒྱུ་དངོས་པོས་ཕོངས་མི་འདུག དཀའ་སྤྱོད་ཀྱིས་ཕོངས་མི་འདུག ཤེས་ཡོན་གྱིས་ཕོངས་མི་འདུག ལྷག་བསམ་གྱིས་ཕོངས་འདུག’’ཟེར་བ་འདིས་ཁ་གསལ་གཏིང་གསལ་ཞིག་བྱེད་འདུག་ལ་ལྷག་པར་དུ་ཞེན་ཁོག་དང་ལྷག་བསམ་གཉིས་ལྷན་ཅིག་ཏུ་གནས་ཐབས་མེད་པ་ཞིག་གསལ་པོར་བསྟན་འདུག འདི་ནས་ཀློག་པ་པོས་ངེས་དགོས་པ་ཞིག་ནི་ལྟ་ཚུལ་ལག་ལེན་གཉིས་ཁྱད་པར་ཕྱེ་རྒྱུ་གལ་ཆེ་སྟེ། ངས་འདི་ནས་བཤད་པ་ནི་རང་ཉིད་ཀྱིས་ལྟ་ཚུལ་ཞིག་ཡིན་པ་ལས། རང་ཉིད་ལ་ལྷག་བསམ་ཡོད་པ་དང་། འཇོན་ཐང་ལྡན་པའི་ལག་སྟབས་བྱེད་པོ་ཞིག་ཡིན་པར་མཚོན་དོན་གཏན་ནས་མིན་པས། གོ་བ་སྒྲ་ལོག་གིས་དཔྱད་བརྗོད་མ་འཚོལ་བར་རང་ཉིད་ཀྱི་ལྟ་བའི་ཁྱད་སོ་ལས་བརྩམས་ཏེ། རྟོག་ཞིབ་ནན་མོ་ཞིག་གིས་དོན་སྙིང་ཡོད་མེད་ལྟ་རྒྱུ་གཙོ་བོ་ཡིན།

❺ མཐའ་མཇུག

ཐོག་མ་ཉིད་ནས་མིའི་རང་བཞིན་ནམ་མཁའ་རུ་གཡའ་དག་པ་ལྟ་བུའི་རང་ཆས་སུ་ཡོད་པ་སུ་ཡང་མེད་ནའང་། མི་ལ་ཡོད་པའི་འཚོལ་བཤེར་གྱི་ཀླད་པ་འདི་རང་དབང་གི་ངང་ནས་ལོངས་སུ་སྤྱོད་ཆོག་པ་དང་འགྲོ་བ་གཞན་དང་མི་འདྲ་བའི་འཁོར་སྐྱོད་ཀྱི་མ་ལག་ཅིག་བསྐྲུན་ཡོད་པ་འདི་ཆོས་རྗེ་ས་པཎ་གྱི། བླུན་པོ་རང་གི་རྗེས་སུ་མི་འགྲོ་ན་ཡང་རང་ཉིད་བླུན་པོའི་རྗེས་སུ་འགྲོ་བ་ནི་རིག་ལྡན་མཁས་པའི་སྲོག་ལ་བབ་ཀྱང་འཛེམས་དགོས་པའི་བསླབ་བྱ་གནད་བསྡུས་ཤིག་ཡོད་པ་བཞིན། བྱ་དངོས་གང་ཞིག་ཡིན་ཡང་ཕན་ནུས་ཡོད་མེད་ལ་བརྟགས་དགོས་པ་དང་། ལྷག་པར་འགྲོ་བ་མི་རིགས་འདི་ཕན་ཚུན་ལྟོས་བཅས་ལས་གྲུབ་པ་ཡིན་པས་ལྟོས་བཅས་ཀྱི་ཐོག་ནས་འཕེལ་རྒྱས་དང་བདེ་སྐྱིད་བསྐྲུན་དགོས་ན་ཐོག་མ་ཉིད་ནས་འགལ་ཟླ་སེལ་དགོས་པས། ཞེན་ཁོག་ནི་འགལ་ཟླའི་ཕུང་པོ་བསོག་མཁན་ཞིག་དང་། འཆམ་མཐུན་གྱི་རྩ་བ་གཏོར་མཁན་ཞིག་ཡིན་པས་འདི་ཉིད་མ་ཟློག་བར་དུ་ཆོས་ལུགས་དང་མི་རིགས་གཅིག་སྒྲིལ་ཡོང་བར་རྒྱང་ཐག་རིང་འདུག་པ་དེས་ན་ཡོད་ཚད་ཀྱིས་གནད་འདི་བསམ་གཞིག་ནན་མོ་བྱེད་རྒྱུའི་མཐའ་མཇུག་འདི་རེ་ལ་སྐུལ་བ་ཡིན།

༢༠༡༢. ༩ .༡༨. དབྱར་ཁབ་ཀུན་བཟང་མིང་པས།